དྲི་བ་གཉིས་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བརྗོད་བྱ་གཙོ་བོར་གོ་བ་ཇི་ལྟར་ལེན་དགོས་སམ། 
2022.11.23 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 46

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་བསྟན་དོན། “ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོ་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ། ཕྱོགས་ཡོངས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ། རང་སྟོབས་རང་སྤེལ་དང་། བདེན་སྲུང་གསར་གཏོད། འབད་འབུངས་ཧུར་བརྩོན། དཔའ་སྐྱེད་མདུན་སྐྱོད་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་དེ་ཡིན”ཞེས་གསུངས་པ་རེད། ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོས་ཚོགས་ཆེན་གྱི་དགོངས་དོན་གཅིག་བསྡུས་ཀྱིས་མཚོན་ཡོད་པ་དང་། དེ་ནི་ཚོགས་ཆེན་གྱི་སྙན་ཞུའི་བླ་སྲོག་དང་གཙོ་དོན་ཡིན། ཚོགས་ཆེན་གྱི་བརྗོད་དོན་གཙོ་བོའི་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་ཡག་པོ་ལེན་རྒྱུ་དེ་ཚོགས་ཆེན་གྱི་དགོངས་དོན་དང་ལྷག་པར་དུ་སྙན་ཞུའི་དགོངས་དོན་ལ་ཕྱོགས་ཡོངས་ནས་གོ་བ་ཡང་དག་ལེན་རྒྱུར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པ་རེད། ཏང་གི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་སྟེང་ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོ་ཐོག་མར་བཏོན་པ་རེད། ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པ་དང་། ཚོགས་ཆེན་ཐེངས་བཅུ་བདུན་པ། ཚོགས་ཆེན་ཐེངས་བཅོ་བརྒྱད་པ། ཚོགས་ཆེན་ཐེངས་བཅུ་དགུ་པ་བཅས་ཚང་མས་རྒྱུན་སྲོལ་དེར་བརྟེན་ནས་སྙན་ཞུའི་འགོ་ཚུགས་སྐབས་ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོ་གཟབ་ནན་ངང་བཏོན་པ་དང་། དར་ཆ་གསལ་སྟོན་གྱིས་ཏང་ཕྱི་ནང་དང་རྒྱལ་ཁབ་ཕྱི་ནང་ལ་ཏང་གིས་སྐྱོད་ལམ་གསར་བའི་སྟེང་དར་ཆ་གང་འདྲ་ཞིག་བསྒྲེང་དགོས་པ་དང་། ལམ་བུ་གང་འདྲ་ཞིག་ཏུ་བསྐྱོད་དགོས་པ། བསམ་པའི་གནས་སྟངས་གང་འདྲ་ཞིག་ལ་བརྟེན་དགོས་པ། དམིགས་འབེན་གང་འདྲ་ཞིག་ལ་ཕྱོགས་ནས་མུ་མཐུད་མདུན་སྐྱོད་བྱེད་དགོས་པ་ཁྱབ་སྒྲོག་བྱས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བརྗོད་བྱ་གཙོ་བོ་ནི་ཚད་མཐོ་བའི་ཉིང་བསྡུས་དང་ཚིག་ཉུང་དོན་འདུས་ཡིན་པ་མ་ཟད། ད་དུང་ཆབ་སྲིད་ཀྱི་ནང་དོན་ཡང་ཧ་ཅང་ཕུན་སུམ་ཚོགས་པོ་འདུས་ཡོད་པ་ཞིག་སྟེ། གཤམ་གྱི་ཕྱོགས་འགའི་ཐད་ནས་གོ་བ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་ཆོག 

གཅིག་ནི“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་རྒྱུའི”སྐོར་ཡིན། དེའི་ནང“དར་ཆ”དང་“བསམ་བློའི”གནད་དོན་ནན་གྱིས་བསྟན་ཡོད་པ་རེད།   དར་ཆ་ནི་ཁ་ཕྱོགས་ཡིན་པ་དང་། བསམ་བློ་ནི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན། ཏང་གི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་སློབ་སྟོན་བསམ་བློ་གསལ་སྟོན་བྱེད་པ་དེ་གཟབ་ནན་གྱིས་ཁྱབ་སྒྲོག་བྱེད་དགོས་པ་ཞིག་ལ། དུས་རབས་གསར་པ་དང་སྐྱོད་ལམ་གསར་བའི་སྟེང་ཏང་ཡོངས་ཀྱིས་ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་བ་མཛུབ་སྟོན་དུ་བཟུང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་ཇེ་བརྟན་དུ་གཏོང་བ་དང་། བགྲོད་ལམ་མི་འགྱུར་བ་དང་ཕུགས་བསམ་མི་འགྱུར་བ་རྒྱུན་འཁྱོངས་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་རྒྱལ་ཁའི་ངང་མདུན་སྐྱོད་བྱེད་པར་འགན་སྲུང་བྱེད་དགོས།

གཉིས་ནི“ཏང་འཛུགས་ཀྱི་རླབས་ཆེན་སྙིང་སྟོབས་དར་སྤེལ་གཏོང་རྒྱུའི”སྐོར་ཡིན། དེའི་ནང་ཏང་གི་གཞི་རྒྱུ་དང་ཁྲག་རྒྱུན་གྱི་གནད་དོན་ནན་གྱིས་བསྟན་ཡོད་པ་གཟབ་ནན་གྱིས་ཁྱབ་སྒྲོག་བྱེད་དགོས་པ་ཞིག་ལ།  ཏང་ཡོངས་ཀྱིས་ངེས་པར་དུ་བདེན་དོན་རྒྱུན་འཁྱོངས་དང་། ཕུགས་བསམ་བརྟན་སྲུང་བྱེད་དགོས་ཤིང་། ཐོག་མའི་བསམ་འདུན་ལག་བསྟར་དང་འགན་འཁྲི་འཁུར་ཕོད་པ། རང་སྲོག་བློས་གཏོང་བར་མི་སྐྲག་པ་དང་དཔའ་ངར་ཆེན་པོས་འཐབ་རྩོད་བྱས་ཏེ། ཏང་ལ་བློ་དཀར་བ་དང་མི་དམངས་ཀྱི་རླབས་ཆེན་ཏང་འཛུགས་སྙིང་སྟོབས་དང་མི་འགལ་བ། ལོ་རྒྱུས་ཀྱི་གདེང་ཚོད་བརྟན་པོ་དང་། སྲོལ་རྒྱུན་བཟང་པོ་རྒྱུན་འཛིན། དམར་པོའི་ཁྲག་རྒྱུན་རྒྱུན་འཛིན། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་སྲུང་འཛིན་བྱེད་པ། ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་འཐབ་ཀྱི་ཆབ་སྲིད་རང་མདངས་དང་འཐབ་རྩོད་བྱེད་ཕོད་པ། རྒྱལ་ཁ་ལེན་ཕོད་པའི་བློ་སྤོབས་གཤིས་རྒྱུད་བཅས་སྲུང་འཛིན་བྱས་ནས་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བར་འགན་སྲུང་བྱེད་དགོས།              

གསུམ་ནི“རང་སྟོབས་རང་སྤེལ་དང་། བདེན་སྲུང་གསར་སྐྲུན། འབད་འབུངས་ཧུར་བརྩོན། དཔའ་སྐྱེད་མདུན་སྐྱོད”ཀྱི་སྐོར་ཡིན། དེའི་ནང་བསམ་བློའི་འཁྱེར་ཕྱོགས་ཀྱི་གནད་དོན་ནན་གྱིས་བསྟན་ཡོད་པ་གཟབ་ནན་གྱིས་ཁྱབ་སྒྲོག་བྱེད་དགོས་པ་ཞིག་ལ། ཏང་ཡོངས་ཀྱིས་ངེས་པར་དུ་ཡིད་ཆེས་བརྟན་པོ་དང་ཞུམ་མེད་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་རྒྱུན་འཁྱོངས་བྱེད་པ་དང་། ངེས་ཤུགས་དང་འཕོ་འགྱུར་གཏོང་ཕོད་པའི་བྱ་བའི་རྣམ་འགྱུར་སྲུང་འཛིན་བྱེད་པ། དུས་ནམ་ཡང་སྒྱིད་ལུག་མི་བྱེད་པ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པའི་འབད་འཐབ་རྣམ་འགྱུར་གྱིས་བྱ་བ་སོ་སོས་དུས་རབས་ཀྱི་རང་བཞིན་སྔར་ལས་ལེགས་པར་མཚོན་པ་དང་། ཆོས་ཉིད་རང་བཞིན་ཁོང་དུ་ཆུད་པ། གསར་གཏོད་རང་བཞིན་གྱིས་ཕྱུག་པ་བཅས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོག་མཐའ་བར་གསུམ་དུ་སྐྱེ་སྟོབས་དང་གསོན་ཤུགས་རབ་ཏུ་རྒྱས་པར་འགན་སྲུང་བྱེད་དགོས། 

བཞི་ནི“སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི”སྐོར་ཡིན། དེའི་ནང་འབད་འཐབ་དམིགས་འབེན་གྱི་གནད་དོན་ནན་གྱིས་བསྟན་ཡོད་པ་གཟབ་ནན་གྱིས་ཁྱབ་སྒྲོག་བྱེད་དགོས་པ་ཞིག་ལ། ཏང་ཡོངས་ཀྱིས་ངེས་པར་དུ་དུས་རབས་གསར་པའི་སྐྱོད་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ནས་སྟོབས་ཤུགས་ཡོད་ཚད་གཅིག་ཏུ་བསྡུས་ཤིང་འགལ་རྐྱེན་ཡོད་ཚད་སེལ་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། 

ལྔ་ནི“མཐུན་སྒྲིལ་འབད་འཐབ”ཀྱི་སྐོར། འདས་ཟིན་པའི་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུའི་ནང་འབད་བརྩོན་ཧུར་ཐག་དང་འབད་འཐབ་ལྷོད་མེད་བྱ་དགོས་ཞེས་ནན་བཤད་མང་པོ་བྱས་ཡོད། ཐེངས་དང་པོར་ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོའི་ནང་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ཞེས་ནན་བཤད་བྱས་པར་དམིགས་སའི་རང་བཞིན་ཆེན་པོ་ལྡན་ཡོད། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཐོག་ནས་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ནི་ཀྲུང་གོའི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གཏོད་པར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན་པ་ར་སྤྲོད་ཡང་ཡང་བྱས་ཡོད། མཐུན་སྒྲིལ་བྱས་ན་རྒྱལ་ཁ་ཐོབ་སྲིད་པ་དང་། མཐུན་སྒྲིལ་མ་བྱས་ན་བྱ་བ་གང་ཡང་འགྲུབ་མི་ཐུབ། འབད་འཐབ་བྱས་ན་གཞི་ནས་ལེགས་འགྲུབ་ཡོང་ཐུབ་པ་དང་། ང་ཚོའི་གྲུབ་འབྲས་མཐའ་དག་ནི་འབད་འཐབ་ལྷོད་མེད་བྱས་པའི་འབྲས་བུ་ཡིན། སྐྱོད་ལམ་གསར་བའི་སྟེང་། ང་ཚོས་ཁ་གཏད་གཅོག་དགོས་པའི་ཉེན་ཁ་དང་འགྲན་སློང་དང་། ཐག་གཅོད་བྱེད་དགོས་པའི་འགལ་ཟླ་དང་གནད་དོན་སྔར་ལས་སྣ་མང་རྙོག་འཛིང་ཆེ་བ་ཞིག་ཡིན་པས། ངེས་པར་དུ་ཏང་ཡོངས་ཀྱི་མཐུན་སྒྲིལ་གཅིག་གྱུར་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་མོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་བུ་མོའི་མཐུན་སྒྲིལ་ཆེན་མོར་ཤུགས་སྣོན་བརྒྱབ་སྟེ། སེམས་པ་གཅིག་མཐུན་ངང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།