སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་“ཏང་ཡོངས་ཀྱི་བློ་མཐུན་གྱིས་ངེས་པར་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ། ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་བརྩོན་བྱེད་དགོས་པ་དང་། ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་། འཐབ་རྩོད་བྱེད་མཁས་པོ་བྱེད་པ། ལོ་རྒྱུས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ། ལོ་རྒྱུས་ཀྱི་རང་འགུལ་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྔར་ལས་བཀྲག་མདངས་འཚེར་བའི་ལེའུ་རྩོམ་དགོས”ཞེས་བཏོན་ཡོད།
“ངེས་པར་དུ་སྒྲུབ་དགོས་པ་གསུམ”དེ་ནི་ལོ་ངོ70ལྷག་གི་སྔོན་ལ་མའོ་ཙེ་ཏུང་གིས་བཏོན་པའི“ངེས་པར་དུ་སྒྲུབ་དགོས་པ་གཉིས”དང་གཅིག་རྒྱུན་གཅིག་འཛིན་ཡིན་ལ་དུས་བསྟུན་མདུན་སྐྱོད་ཀྱང་ཡིན་པ་རེད། “ངེས་པར་དུ་སྒྲུབ་དགོས་པ་གཉིས”ནས“ངེས་པར་དུ་སྒྲུབ་དགོས་པ་གསུམ”གྱི་བར་དུ་ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བའི་ལངས་ཕྱོགས་གསལ་པོ་མཚོན་པ་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་ཏང་ཡོན་ལས་བྱེད་པར་བཏོན་པའི་བླང་བྱ་གསར་པ་མཚོན་ཡོད།
“ངེས་པར་དུ་སྒྲུབ་དགོས་པ་གཅིག”ལས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་དགོས”པ་ནན་བཤད་བྱས་ཡོད། 2016ལོའི་ཟླ7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ95འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག“ཐོག་མའི་བསམ་འདུན་མི་བརྗེད་པའི”སྐོར་ཐོག་མར་བཏོན་པ་དང་། བྱ་བ་ཡོད་ཚད་མདུན་ཕྱོགས་སུ་བསྐྱོད་དགོས་ན། བརྒྱུད་མྱོང་བའི་ལམ་བུ་བརྗེད་མི་རུང་ལ། ཐག་རིང་ཇི་ཙམ་བསྐྱོད་པ་དང་འོད་སྟོང་ཇི་ཙམ་འཕྲོ་བའི་མ་འོངས་པར་སླེབས་ནའང་། བརྒྱུད་ཟིན་པའི་འདས་དོན་བརྗེད་མི་རུང་ཞིང་། ཅིའི་ཕྱིར་ལམ་ལ་ཆས་དགོས་པ་བརྗེད་མི་རུང་། མ་འོངས་པར་ཁ་ཕྱོགས་པ་དང་འགྲན་སློང་གི་མདུན་དུ་ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་དུ་མདུན་སྐྱོད་བྱེད་དགོས”ཞེས་ནན་བཤད་གནང་ཞིང་། 2017ལོའི་ཟླ10པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་ནས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་དགོས”ཞེས་པའི་བཞེད་ཚུལ་གལ་ཆེན་ཆ་ཚང་བཏོན་པ་དང་། ཁོང་གིས“ཐོག་མའི་བསམ་འདུན་མ་བརྗེད་ཚེ་གཞི་ནས་དམིགས་ཡུལ་འགྲུབ་ཐུབ”ཅེས་ནན་བཤད་གནང་བ་རེད། ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་ཡོང་བར་བྱ་རྒྱུ་དེ་རེད། ཐོག་མའི་བསམ་འདུན་དང་འགན་འཁྲི་དེ་ནི་ཀྲུང་གོ་གུང་ཁྲན་ཏང་མི་རྒྱུན་ཆད་མེད་པར་མདུན་དུ་སྐྱོད་པར་སྐུལ་མ་གཏོང་བའི་རྩ་བའི་སྒུལ་ཤུགས་ཡིན།”
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་བ”དེ“ངེས་པར་དུ་སྒྲུབ་དགོས་པ་གསུམ”གྱི་ཨང་དང་པོར་བརྩིས་ཏེ། ཏང་ཡོངས་ཀྱིས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། ནམ་ཡང་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་བྱས་ཏེ། མི་དམངས་ཀྱིས་དགའ་སྐྱིད་འཚོ་བར་བཅངས་པའི་རེ་སྨོན་དེ་ནམ་ཡང་འབད་འཐབ་དམིགས་འབེན་དུ་བརྩིས་ནས། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བརྗིད་ཆེའི་དམིགས་འབེན་མངོན་འགྱུར་བྱེད་པའི་ཕྱོགས་སུ་མུ་མཐུད་དུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་ལྕག་གཏོང་དགོས་ཞེས་གསུངས་པ་རེད།
“ངེས་པར་དུ་སྒྲུབ་དགོས་པ་གཉིས”ལས།“ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་བརྩོན”བྱེད་དགོས་པ་ནན་གྱིས་བསྟན་ཡོད། དེ་ནི་མའོ་ཙེ་ཏུང་གིས་བཏོན་པའི“ངེས་པར་དུ་སྒྲུབ་དགོས་པ་གཉིས”རྒྱུན་འཛིན་བྱས་པ་རེད། 1949ལོའི་ཟླ3པར། ང་ཚོའི་ཏང་གིས་ཞི་པའེ་ཕོ་རུ་ཏང་གི་སྐབས་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཤིང་། མའོ་ཙེ་ཏུང་གིས་ཚོགས་འདུའི་ཐོག་ཏང་ཡོངས་ལ་རྒྱལ་ཁའི་མདུན་དུ་རིག་པ་དྭངས་གསལ་སྲུང་འཛིན་བྱ་དགོས་པ་དང་། རྒྱལ་ཡོངས་ཀྱི་སྲིད་དབང་བཟུང་རྗེས་སྲིད་སྐྱོང་གི་ཉམས་སད་ཐེག་པར་བྱ་དགོས་ཤིང་། “ངེས་པར་དུ་བློ་མཐུན་རྣམས་ཀྱིས་མུ་མཐུད་དུ་ཁེངས་སྐྱུང་གཟབ་ནན་དང་། ང་རྒྱལ་འཚབ་འཚུབ་མི་བྱེད་པ་བཅས་ཀྱི་སྤྱོད་ཚུལ་རྒྱུན་འཁྱོངས་བྱ་དགོས་པ། བློ་མཐུན་རྣམས་ཀྱིས་ངེས་པར་དུ་དཀའ་སྤྱད་འབད་བརྩོན་གྱི་སྤྱོད་ཚུལ་མུ་མཐུད་དུ་སྲུང་འཛིན་བྱ་དགོས”ཞེས་བླང་བྱ་བཏོན་པ་རེད། ལོ་ངོ70ལྷག་གི་རིང་ལ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས“ངེས་པར་དུ་སྒྲུབ་དགོས་པ་གཉིས”ཐོག་མཐའ་བར་གསུམ་དུ་ཡིད་ལ་བརྟན་པོ་བཅངས་བ་དང་རང་རྟོགས་སྒོས“ངེས་པར་དུ་སྒྲུབ་དགོས་པ་གཉིས”ལག་ལེན་བྱས་ནས། རྒྱལ་ཡོངས་ཀྱི་སྲིད་དབང་ཐོབ་པ་དང་སྲིད་འཛིན་ཡུན་རིང་བྱེད་པའི་བརྒྱུད་རིམ་ཁྲོད་སྒྱོགས་མདེལ་སྣ་ཚོགས་ཀྱི་བསླུ་བྲིད་དང་དཀའ་ངལ་དང་ཉེན་ཁའི་ཉམས་སད་ཐེག་སྟེ། ཏང་དང་མི་དམངས་ལ་རྒྱུགས་ལན་ཡག་པོ་ཞིག་ཕུལ་ཡོད། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་པའི་འགག་རྩའི་དུས་སྐབས་སུ། ཏང་ཡོངས་ཀྱིས“ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་། དཀའ་སྤྱད་འབད་བརྩོན་བྱ་དགོས”ཞེས་བསྐྱར་སྒྲོག་བྱས་པ་དེ་ནི། ཏང་ཡོངས་ཀྱི་བློ་མཐུན་རྣམས་ལ་ཐོག་མཐའ་བར་གསུམ་དུ“རྒྱུགས་འབུལ་གྱི་ལམ་དུ་སྐྱོད་པར”རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་རྒྱུན་འཁྱོངས་དང་། “ཉམས་སད་ཆེན་པོ་བཞི”ཐེག་ཐུབ་པ། “ཉེན་ཁ་རིགས་བཞི”ཁྱད་བསད་བཅས་བྱས་ཏེ། ཏང་གི་ངོ་བོ་མི་འགྱུར་བ་དང་། རང་མདངས་མི་འགྱུར་བ། ཁ་དོག་མི་འགྱུར་བ་བཅས་བྱེད་པར་འགན་ལེན་ཏན་ཏིག་བྱ་དགོས་པ་དེ་རེད།
“ངེས་པར་དུ་སྒྲུབ་དགོས་པ་གསུམ”ལས། “འཐབ་རྩོད་བྱེད་ཕོད་པ་དང་། འཐབ་རྩོད་བྱེད་མཁས་པོ་བྱེད་དགོས”ཞེས་ནན་གྱིས་བསྟན་ཡོད། དེ་ནི་དུས་རབས་གསར་པའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་ཀྱི་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་ཀྱི་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་ཉམས་མྱོང་གལ་ཆེན་ཡིན་ལ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་རླབས་ཆེན་གྱི་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་པའི་ཐབས་མཆོག་ཀྱང་རེད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། འཛམ་གླིང་ལ་ལོ་ངོ་བརྒྱ་ལྷག་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་ལ། རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་གོ་སྐབས་དང་འགྲན་སློང་ལ་ཡང་འགྱུར་ལྡོག་འབྱུང་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སིའི་རིང་ལུགས་ཀྱི་ཆབ་སྲིད་པ་དང་། བསམ་བློ་པ། འཐབ་ཇུས་པ་བཅས་ཀྱི་གཟིགས་རྒྱང་རིང་པོར་བརྟེན་ནས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྙན་ཞུར་འཆར་ཟིན་བཀོད་ནས་གཙོ་སྐྱོང་གནང་སྐབས། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་བྱ་རྒྱུའི་གྲ་སྒྲིག་བྱེད་དགོས་ཞེས་བསྟན་པ་དང་། ཏང་ཡོངས་ལ་འཐབ་རྩོད་བྱེད་ཕོད་པའི་བརྡ་རྟགས་དྲག་པོ་བཏང་བ་རེད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ནི་ལས་སླ་པོར་འགྲུབ་ཐུབ་པ་ཞིག་གཏན་ནས་མིན་ལ། རྔ་བརྡུངས་དར་འཕྱར་གྱིས་མངོན་འགྱུར་ཐུབ་པ་ཞིག་ཀྱང་གཏན་ནས་མིན་པས། ཏང་ཡོངས་ཀྱིས་ངེས་པར་དུ་དཀའ་ཚེགས་སྔར་ལས་ཆེ་བ་དང་དཀའ་སྡུག་སྔར་ལས་ཆེ་བའི་འབད་བརྩོན་བྱ་རྒྱུའི་གྲ་སྒྲིག་བྱེད་དགོས”པ་དང་། “རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་པར་ངེས་པར་དུ་རླབས་ཆེན་གྱི་འཐབ་རྩོད་བྱེད་དགོས། སྤྱི་ཚོགས་ནི་འགལ་བའི་འགུལ་སྐྱོད་ཀྱི་ཁྲོད་དུ་མདུན་སྐྱོད་བྱེད་ཀྱིན་ཡོད་ཅིང་། འགལ་བ་ཡོད་ཚེ་འཐབ་རྩོད་ཀྱང་ཡོད་སྲིད། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་འཇལ་བ་དང་། ཉེན་ཁ་ཆེན་པོ་འགོག་པ། འགོག་རྐྱེན་ཆེན་པོ་ཁྱད་བསད། འགལ་ཟླ་ཆེན་པོ་ཐག་གཅོད་བཅས་བྱེད་དགོས་ན། ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་བྱེད་དགོས་པ་དང་། ལོངས་སྤྱོད་ལ་ཞེན་ཆགས་པ་དང་། སྒྱིད་ལུག་ལྷོད་གཡེང་བྱེད་པ། འགལ་བ་ལས་གཡོལ་ཐབས་བྱེད་པ་བཅས་ཀྱི་བསམ་བློ་དང་བྱ་སྤྱོད་གང་ཡིན་རུང་ཚང་མ་ནོར་འཁྲུལ་རེད”ཅེས་ནན་བཤད་གནང་ཡོད། དུས་རབས་གསར་པའི་ལོ་ངོ10ཡི་རིང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་ལ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། འཐབ་རྩོད་བྱེད་ཕོད་པ། འཐབ་རྩོད་བྱེད་མཁས་པོ་བཅས་བྱེད་དགོས་པའི་བསླབ་བྱ་ཡང་ཡང་གནང་བ་རེད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཐོབ་པའི་རླབས་ཆེན་གྱི་གྲུབ་འབྲས་དང་བརྒྱུད་མྱོང་བའི་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་ལམ་བུའི་ཐོག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཟིགས་རྒྱང་རིང་ལ་ལྟ་བ་ཟབ་པར་ར་སྤྲོད་གང་ལེགས་བྱས་ཡོད། སྐྱོད་ལམ་གསར་པའི་ཐོག་རང་རྒྱལ་གྱི་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་གོ་སྐབས་གསར་པ་དང་། འཐབ་ཇུས་ཀྱི་ལས་འགན་གསར་པ། འཐབ་ཇུས་ཀྱི་དུས་རིམ་གསར་པ། འཐབ་ཇུས་ཀྱི་བླང་བྱ་གསར་པ། འཐབ་ཇུས་ཀྱི་ཁོར་ཡུག་གསར་པ་བཅས་འཕྲད་ཡོད་པས། ངེས་པར་དུ་མཐའ་ཚད་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། ཉེན་འབྱུང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བྱེད་པ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས། དུས་དང་རྣམ་པ་ཀུན་ཏུ་ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་བའི་བསམ་བློའི་གྲ་སྒྲིག་དང་བྱ་བའི་གྲ་སྒྲིག་བཟང་བོ་བྱེད་དགོས་པ་དང་། ལྷག་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ལ་བར་ཆད་དང་འགོག་རྐྱེན་བཟོ་སྲིད་པའི་ཉེན་ཁ་ཆེ་རིགས་ནུས་ལྡན་ངང་འགོག་ཟོན་དང་སེལ་ཐབས་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས“འཐབ་རྩོད་བྱེད་ཕོད་པ་དང་། འཐབ་རྩོད་བྱེད་མཁས་པོ་བྱ་དགོས”ཞེས་པ་དེ“ངེས་པར་དུ་སྒྲུབ་དགོས་པ་གསུམ”གྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་བཏོན་པ་དེ་ནི། ཏང་ཡོངས་དང་སྤྱི་ཚོགས་ཡོངས་སུ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། ཞུམ་མེད་ཀྱི་འཐབ་རྩོད་ལ་བརྟེན་ནས་ལས་དོན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གསར་གཏོད་བྱེད་པར་སྐུལ་ལྕག་བཏང་བ་དེ་རེད།
དུས་རབས་གསར་པའི“ངེས་པར་དུ་སྒྲུབ་དགོས་པ་གསུམ”ནི་ལོ་རྒྱུས་ཐོག་གི“ངེས་པར་དུ་སྒྲུབ་དགོས་པ་གཉིས”དང་འདྲ་བར་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་། ཏང་གི་གསར་སྐྲུན་ནུས་པ་དང་གོང་བུར་འགྲིལ་ཤུགས། འཐབ་འཛིང་ནུས་པ་བཅས་ཇེ་དྲག་ཏུ་གཏོང་བར་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་འདོན་ངེས་ཡིན་ལ། དུས་རབས་གསར་པའི་ཏང་གི་སྤྱོད་ཚུལ་གྱི་མཚོན་རྟགས་མངོན་གསལ་ཞིག་ཏུ་འགྱུར་སྲིད་པར་ཡང་རྦད་དེ་ཡིད་ཆེས་བྱས་ཆོག
ཡིག་སྒྱུར་བ། སྒྲོལ་མ་སྐྱིད།