ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུའི་སྐོར་གླེང་པ།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་ཚོགས་པ་དེ་ནི་ཤར་རླུང་དྲག་པོ་ཞིག་དང་འདྲ་བར་རྨ་འབྲི་རྫ་གསུམ་གྱི་འབྱུང་ཁུངས་སུ་གྱུར་བའི་མཚོ་སྔོན་གྱི་ས་ཕྱོགས་ཀུན་ལ་དལ་བར་ལྡང་། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་རྒྱུ་དེ་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་རིང་གི་ཆབ་སྲིད་ཀྱི་ལས་འགན་དང་པོར་བརྩིས་ནས་མྱུར་དུ་བྱ་སྤྱོད་སྤེལ་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་དྲག་ཏུ་འཕྱུར་བར་བྱས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་། སྤྱོད་ཚུལ་ལ་ཤུགས་བསྣན་ནས་སྲོལ་རྒྱུན་བཟང་པོ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་མངོན་པ་དང་སྤྱོད་ཚུལ་བཟང་པོ་དུས་རབས་གསར་པར་དར་སྤེལ་བཏང་སྟེ། སྤྱོད་ཚུལ་འཛུགས་སྐྲུན་སྐོར་གྱི་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལ་སྐུལ་འདེད་གཏིང་ཟབ་བྱས་ནས་གོམ་པ་རེ་ལ་རྐང་རྗེས་རེ་བཞག་སྟེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་མཚོ་སྔོན་དུ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།
གཙོ་གནད་ཁོང་དུ་ཆུད་པ་བྱས་ནས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས། ཚང་འཛོམས་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི<<ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག>>ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་བྱས་ནས། <<ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག>>དམིགས་འབེན་ལྟར་ལག་བསྟར་བྱེད་དགོས་པར་བསྟན། <<ལག་བསྟར་བསམ་འཆར>>ནང“གོ་བ་གཏིང་ཟབ་ལེན་དགོས་པ9”དང“གཅིག་བསྡུས8”བཏོན་པ་ནི་ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་ངེས་པར་དུ་འབུར་དུ་ཐོན་དགོས་པའི་གཙོ་གནད་དང་ཁོང་དུ་ཆུད་པར་བྱེད་རྒྱུའི་འགག་རྩ་རེད། ང་ཚོས་“གོ་བ་གཏིང་ཟབ་ལེན་དགོས་པ9”དང“གཅིག་བསྡུས8”ཀྱི་ཐད་མུ་མཐུད་དུ་འབད་བརྩོན་བྱས་ནས། ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པ། སློབ་སྦྱོང་གཏིང་ཟབ་བྱེད་པ། ཆ་ཚང་ཞིང་ཡང་དག་པ། ཕྱོགས་ཡོངས་ནས་གོ་བ་ལེན་ཐུབ་པ་བྱས་ཏེ་རིགས་པའི་གཞུང་ལུགས་ཐད་རིག་པ་དྭངས་གསལ་དང་བསམ་བློའི་ཐད་བློ་རྩ་བརྟན་པོ། ཆབ་སྲིད་ཐད་བློ་དཀར་སེམས་དཀར་ཡོང་བར་སློབ་སྦྱོང་བྱས་ནས། བསམ་བློའི་གོ་རྟོགས་དང་དམངས་ལ་བཅངས་པའི་བརྩེ་སེམས་ཐད་སློབ་སྦྱོང་བྱེད་པ། རང་གིས་རང་ལ་ཡིད་ཆེས་དང་འགན་འཁྲི་འཁུར་ཕོད་པར་སློབ་སྦྱོང་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་དྲག་ཆས་སྤྲས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་འགྲིལ་ཐུབ་པ་བྱེད་དགོས།
དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས། རིགས་པའི་གཞུང་ལུགས་ནི་ལག་ལེན་ལས་བྱུང་བ་ཡིན་པས། ད་དུང་ལག་ལེན་དངོས་ཀྱི་ནང་དུ་ཞུགས་ན་གཞི་ནས“འཛམ་གླིང་བཅོས་སྒྱུར”བྱེད་ཐུབ། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་སྐབས། “དོན་དངོས”ཞེས་པར་དོ་སྣང་བྱེད་དགོས་པ་དང་། དུས་རབས་གསར་པའི་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཡང་དག་པར་ཁོང་དུ་ཆུད་པར་བྱས་ནས། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་ཧུར་བརྩོན་སྒོས་ཁོང་དུ་ཆུད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་ཁྲིད་སྟོན་དང་བྱ་བར་སྐུལ་འདེད་བྱེད་དགོས། སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བརྒྱུད་རིམ་ཁྲོད། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཟུང་གཉིས་འབྲེལ་བྱས་ཏེ། མཚོ་སྔོན་འཕེལ་རྒྱས་ཀྱི་ཞིབ་ཕྲའི་བྱ་སྤྱོད་དང་དངོས་ཡོད་ཕན་འབྲས་སུ་འགྱུར་བར་བྱེད་དགོས།
སྤྱོད་ཚུལ་ལེགས་སྒྱུར་ལ་བརྟེན་ནས་སློབ་སྦྱོང་དང་དོན་འཁྱོལ་མཐར་ཕྱིན་བྱེད་པར་སྐུལ་འདེད་གཏོང་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པར། ངེས་པར་དུ་རང་ངོས་ཀྱི་རླབས་ཆེན་གསར་བརྗེ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་གསར་བརྗེར་ཁྲིད་སྟོན་བྱེད་པའི་བླང་བྱ་གལ་ཆེན་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ལ་མུ་མཐུད་དུ་ཤུགས་སྣོན་བྱས་ཏེ། “ཡུན་རིང་གནས་པ་གཉིས”དང“ནམ་ཡང་ལམ་ན་ཡོད་པ་གཉིས”ལ་ངོས་འཛིན་གསལ་པོ་བྱས་ནས། ཐོག་མཐའ་བར་གསུམ་དུ“ངེས་པར་དུ་བྱེད་དགོས་པ་གསུམ”ཡིད་ལ་བརྟན་པོར་བཅངས་པ། སྤྱོད་ཚུལ་ལེགས་སྒྱུར་སྐོར་གྱི་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཤེས་བྱ་གསར་བརྗེས་ལ་ཤུགས་སྣོན་རྒྱག་པ་དང་ཆེད་ལས་ཀྱི་བྱང་ཚད་མཐོ་རུ་གཏོང་བ། བརྟག་དཔྱད་ཞིབ་འཇུག་གི་སྤྱོད་ཚུལ་ཤུགས་ཆེན་པོས་དར་སྤེལ་གཏོང་བ། དངོས་གཉེར་དང་སྤྱོད་གོ་ཆོད་པའི་བྱེད་ཐབས་ལ་ཞིབ་འཇུག་བཅས་བྱས་ནས་ཕུན་སུམ་ཚོགས་པའི་ཤེས་བྱ་དང་ཚན་རིག་དང་མཐུན་པའི་འཆར་འགོད། འཇོན་ཐང་ཆེ་བ། གསར་གཏོད་ཀྱི་བློ་སྟོབས། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཅས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བཏོན་པའི་དམིགས་འབེན་ལས་འགན་དང་བླང་བྱ་མཚོ་སྔོན་དུ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས།
དུས་རབས་ཀྱིས་ང་ཚོར་རེ་འབོད་བྱེད་ཀྱི་ཡོད་ལ་མི་དམངས་ཀྱིས་ང་ཚོར་རེ་སྒུག་བྱེད་བཞིན་ཡོད། བློ་བརྟན་འགྱུར་མེད་དང་བྱ་སྤྱོད་ཏན་ཏིག་སྤེལ་ཚེ་གཞི་ནས་དུས་རབས་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་གཏོང་མི་སྲིད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། རླབས་ཆེན་གྱི་ཏང་འཛུགས་སྐྲུན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ། སྟོང་བཤད་རྒྱལ་ཕུང་དང་དངོས་སྒྲུབ་རྒྱལ་དར་ཡིད་ལ་བརྟན་པོར་བཅངས་པ། ཡིད་ཆེས་བརྟན་པོ་དང་བློ་གཅིག་སེམས་གཅིག དཀའ་སྤྱད་འབད་བརྩོན། དཔའ་ངར་ཆེར་སྐྱེད་བཅས་ཀྱི་སྒོ་ནས་མདུན་དུ་བསྐྱོད་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།