དེ་སྔོན་གྱི་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཁ་ཤས་ཀྱི་སྙན་ཞུ་དང་མི་འདྲ་བར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་འདས་ཟིན་པའི་ལོ5ཡི་རིང་གི་བྱ་བ་ལ་ཁྱབ་ཁོངས་དབྱེ་ནས་ཕྱོགས་སྡོམ་བྱས་མེད་པར། གསུང་བཤད་ཚན་པ་གཉིས་ཀྱི་ཐོག་ནས་ལོ5ཡི་རིང་ཏང་ཀྲུང་དབྱང་གིས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་སྐུལ་འདེད་བཏང་བའི་བྱ་བའི་གཙོ་གནད། བསྒྲུབས་ཟིན་པའི་དོན་ཆེན་དང་དོན་དག་གལ་ཆེན། ཁ་གཏད་འཇལ་བའི་ཉེན་ཁ་དང་འགྲན་སློང་གལ་ཆེན་བཅས་མདོར་བསྡུས་ཏེ། གཙོ་གནད་དེ་དུས་རབས་གསར་པའི་ལོ10ཡི་རིང་གི་རླབས་ཆེན་འཕོ་འགྱུར་ཕྱོགས་སྡོམ་བྱེད་པའི་སྟེང་བཞག་ཡོད། འདི་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་སྒྲོན་གྱི་འབུར་དུ་ཐོན་པའི་ཁྱད་ཆོས་ཤིག་རེད། འདི་ལྟ་བུའི་ཇུས་འགོད་བཀོད་སྒྲིག་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་གྱི་ལོ5ཡི་རིང་ལ་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་བསྒྲུབས་པའི་བྱ་བ་གཙོ་བོ་དང་གྲུབ་འབྲས་མངོན་གསལ་ལ་ལྟ་རྟོག་བྱས་ཡོད། དུས་མཚུངས་སུ། དུས་རབས་གསར་པའི་ལོ་ངོ10ཡི་རིང་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཐད་བྱུང་བའི་རླབས་ཆེན་གྱི་འཕོ་འགྱུར་དང་དེའི་དོན་སྙིང་གལ་ཆེན་འབུར་དུ་ཐོན་ཡོད་པར་མ་ཟད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱས་ཏེ། འབད་འཐབ་ཀྱིས་སྐྱོད་ལམ་གསར་པར་ཞུགས་པ་དང་དུས་རབས་གསར་པའི་བློ་སྟོབས་ཆེ་རུ་བསྐྱེད་པར་ཕན་པ་ཡོད། དེར་བརྟེན། གཤམ་གྱི་ཕྱོགས་འགའི་ཐད་ནས་གོ་བ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་དགོས།
དང་པོ། ལོ་ལྔའི་རིང་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་སྔ་རྗེས་སུ་ཚང་འཛོམས་གྲོས་ཚོགས་ཐེངས7ལ་ཚོགས་པ་དང་། སོ་སོར་རྩ་ཁྲིམས་བཟོ་བཅོས་བྱས་པ་དང་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་སྒྱུར་ཟབ་སྤེལ་བྱས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་པ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་པ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་དང2035ལོའི་རྒྱང་རིང་གི་དམིགས་འབེན་གཏན་འབེབས་བྱས་པ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱས་པ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་སྙན་ཞུ་འབུལ་བ་སོགས་ཀྱི་གནད་དོན་གལ་ཆེན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་ཆོད་དོན་བཞག་པ་སོགས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་བྱས། ལོ་ལྔའི་རིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། གཏན་འཁེལ་གྱི་འཐབ་ཇུས་བཀོད་སྒྲིག་ལྟར་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་བཏང་ཡོད།
གཉིས་པ། ལོ5ཡི་རིང་ཏང་དང་རྒྱལ་ཁབ་ཀྱིས་ཡུན་རིང་དང་འབྲེལ་བ་ཡོད་པའི་དོན་ཆེན་དང་དོན་དག་གལ་ཆེན་རབ་དང་རིམ་པ་ཞིག་བསྒྲུབས་ཡོད། དོན་ཆེན་དང་དོན་དག་གལ་ཆེན་འདི་དག་ལས་ལ་ལ་ནི་འདས་པའི་ལོ5རིང་གི་བྱ་བའི་ཕྱོགས་སྡོམ་ཁྲོད་དུ་བཞག་པ་དང་ལ་ལ་ནི་དུས་རབས་གསར་པའི་ལོ་ངོ10ཡི་རླབས་ཆེན་འཕོ་འགྱུར་གྱི་ཁྲོད་དུ་བཞག་ཡོད་པས་རྒྱུན་མཐུད་དེ་བལྟ་དགོས། དཔེར་ན། ང་ཚོས་མིའི་རིགས་ཀྱི་ལོ་རྒྱུས་སྟེང་གཞི་ཁྱོན་ཆེ་ཤོས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་སྒོ་ནས་དབུལ་ཕོངས་བལྟོས་མེད་ཀྱི་གནད་དོན་ཐག་གཅོད་བྱས་པ། དུས་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་བར་ཞུགས་ཡོད། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བ། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ40འཁོར་བ་སོགས་ལ་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། ཀྲུང་གོ་མི་དམངས་དང་བླངས་དམག་གིས་མེ་འགོག་ཁྲའོ་རོགས་བྱས་ཏེ་ཕྱི་རྒྱལ་དུ་དམག་འཐབ་བརྒྱབ་ནས་ལོ་ངོ70འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་ཤིང་། པེ་ཅིན་གྱི་དགུན་དུས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་བ་དང་། ང་ཚོས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱས་པར་མ་ཟད། ལོ་རྒྱུས་ཀྱི་གྲོས་ཆོད་གསུམ་པ་གཏན་འབེབས་ཀྱང་བྱས་པ་དང་། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་གི་སློབ་གསོ་སྤེལ་བ་དང་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་བཙུགས་པ། ཏང་ཡོངས་ལ་ཏང་འཛུགས་སྐྲུན་གྱི་སྙིང་སྟོབས་རླབས་ཆེན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པར་འབོད་སྐུལ་བཏང་བ། སྐྱོད་ལམ་གསར་བའི་སྟེང་དུ་སྔར་ལས་བློ་རྩ་བརྟན་པོ་དང་སྔར་ལས་རང་རྟོགས་ཀྱི་སྒོ་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པ་དང་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་གཏོད་བྱེད་པ་སོགས་བྱས་ཡོད། དོན་ཆེན་དང་དོན་དག་གལ་ཆེན་དེ་དག་འདས་པའི་ལོ5ཡི་ནང་ཐོབ་པའི་མཚོན་རྟགས་རང་བཞིན་ལྡན་པའི་གྲུབ་འབྲས་ཤིག་ཡིན་ལ་དུས་རབས་གསར་པའི་རླབས་ཆེན་འཕོ་འགྱུར་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་བློ་རྩ་བརྟན་པོས་སྲུང་སྐྱོང་བྱེད་པ། ཏང་ཀྲུང་དབྱང་གི་དབང་ཐང་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་བསྐྲུན་པ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཆེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་འཐབ་བྱེད་པར་གལ་འགངས་ཤིན་ཏུ་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན།
གསུམ་པ། ལོ5ཡི་རིང་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་སྔར་བྱུང་མྱོང་མེད་པའི་ཉེན་ཁ་དང་འགྲན་སློང་གལ་ཆེན་རབ་དང་རིམ་པར་གྲུབ་འབྲས་ལྡན་པའི་སྒོ་ནས་ཁ་གཏད་འཇལ་ཡོད། དཔེར་ན། གློ་བུར་དུ་བྱུང་བའི་གློ་ཚད་རིམས་ནད་ཀྱི་མདུན་དུ། ཏང་ཀྲུང་དབྱང་གིས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་དང་། ཕྱི་ནས་ནང་དུ་མཆེད་པ་དང་ནང་ནས་འགོས་ཁྱབ་ཏུ་འགྲོ་བ་སྔོན་འགོག་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། འགུལ་རྣམ་གཙང་སེལ་བྱེད་པར་གཡོ་འགུལ་སྤུ་ཙམ་མེད་པར་རྒྱུན་འཁྱོངས་བཅས་བྱས་ཏེ་རིམས་ནད་ལ་འགོག་རྒོལ་བྱེད་པའི་མི་དམངས་དམག་འཐབ་དང་སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་བྱས་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་དེ་ཚད་གཞི་མཐོ་བའི་སྒོ་ནས་སྲུང་སྐྱོབ་བྱས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པའི་ཐད་དགེ་མཚན་ལྡན་པའི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ཞང་ཀང་གི་གནས་བབ་ཟང་ཟིང་དུ་འགྱུར་བའི་མདུན་དུ། ང་ཚོས་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལ་གཞིགས་ནས་དམིགས་བསལ་སྲིད་འཛིན་ས་ཁུལ་ལ་ཕྱོགས་ཡོངས་ནས་དོ་དམ་དང་བཅོས་སྐྱོང་བྱེད་པའི་དབང་ཆ་ལག་བསྟར་ནུས་ལྡན་བྱས་པ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་སྲུང་སྐྱོང་དང་། “རྒྱལ་གཅེས་པས་ཞང་ཀང་སྐྱོང་བ”ཞེས་པའི་རྩ་དོན་དོན་འཁྱོལ་བྱས་པས། ཞང་ཀང་གི་གནས་བབ་ཟང་ཟིང་ནས་བཅོས་སྐྱོང་བྱེད་པའི་བར་གྱི་འཕོ་འགྱུར་གལ་ཆེན་མངོན་འགྱུར་བྱུང་བ་དང་། “ཐའེ་ཝན་རང་བཙན”གྱི་ཁ་བྲལ་སྟོབས་ཤུགས་ཀྱི་བྱ་སྤྱོད་དང་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ཀྱིས་ཐའེ་ཝན་གྱི་ལས་དོན་ལ་ཐེ་གཏོགས་བྱེད་པའི་འཁྲུག་རྐྱེན་ཚབས་ཆེན་གྱི་མདུན་དུ། ང་ཚོས་ཁ་བྲལ་ལ་ངོ་རྒོལ་དང་ཐེ་གཏོགས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གལ་ཆེན་མཐའ་གཅིག་ཏུ་སྤེལ་བ་དང་། ང་ཚོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་དང་། “ཐའེ་ཝན་རང་བཙན”ལ་ངོ་རྒོལ་བྱེད་པའི་ཆོད་སེམས་བརྟན་པོ་དང་ནུས་པ་ཆེན་པོ་གསལ་སྟོན་བྱས་པ། མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་བར་བྱེད་པའི་འཐབ་ཇུས་ཀྱི་རང་དབང་སྔར་ལས་ལྷག་པར་ཁོང་དུ་ཆུད་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པའི་རྣམ་པ་སྔར་ལས་སྲ་བརྟན་དུ་བཏང་བ་དང་། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་བར་ཁ་གཏོད་པ་དང་ལྷག་པར་དུ་ཕྱི་རོལ་ཡུལ་གྱི་སྙད་འཚོལ་འཇིགས་སྐུལ་དང་། བཀག་སྡོམ། སྒོ་སྡོམ། མཐར་སོན་གནོན་ཤུགས་བཅས་ཀྱི་མདུན་དུ། ང་ཚོས་རྒྱལ་ཁབ་ཀྱི་ཁེ་ཕན་གཙོ་བོར་འཛིན་པ་དང་རྒྱལ་ནང་གི་ཆབ་སྲིད་སྔོན་ལ་འཇོག་པ། འཐབ་ཇུས་ཀྱི་བརྟན་ཤུགས་རྒྱུན་འཁྱོངས་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་བཙན་དབང་ལ་མི་འཛེམ་པའི་བློ་རྩ་བརྟན་པོ་མཚོན་པར་བྱེད་པ་བཅས་བྱས་ཏེ། འཐབ་རྩོད་ཁྲོད་རྒྱལ་ཁབ་ཀྱི་ལ་རྒྱ་དང་ལྟེ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ནས་རང་རྒྱལ་གྱི་འཕེལ་རྒྱས་དང་བདེ་འཇགས་ཀྱི་རང་འགུལ་དབང་ཆ་དམ་པོར་བཟུང་ཡོད། ཉེན་ཁ་དང་འགྲན་སློང་གལ་ཆེན་འདི་དག་ལ་ཁ་གཏད་ལེགས་པོ་འཇལ་བས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཁྱད་དུ་འཕགས་པའི་འགོ་ཁྲིད་ཀྱི་ནུས་པ་དང་ཇུས་ཐག་གཅོད་པའི་ནུས་པ། འཐབ་ཇུས་ཀྱི་བརྟན་ཤུགས་བཅས་གསལ་པོར་མཚོན་ཡོད་པ་དང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ལ་མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་གི་དཀའ་སྡུག་དང་བར་ཆད་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་དང་བློ་སྟོབས་ཆེས་ཆེར་བསྐྱེད་ཡོད།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།