སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་བསྟན་དོན། “ལོ་བཅུའི་རིང་ལ་། ང་ཚོ་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན་པའི་དོན་ཆེན་གསུམ་བརྒྱུད་པ་སྟེ། གཅིག་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བ་བསུས་པ་ཡིན། གཉིས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་པ་ཡིན། གསུམ་ནི་དབུལ་ཐར་མཁྲེགས་གཏོར་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་པར་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ལེགས་གྲུབ་བྱུང་སྟེ། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་པ་ཡིན། འདི་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ནས་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཞིག་ཡིན་ཞིང་། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དེབ་ཐེར་དུ་འགོད་འོས་པའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཞིག་ཡིན་ལ། འཛམ་གླིང་ལ་ཤུགས་རྐྱེན་ཟབ་མོ་ལྡན་པའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཞིག་ཀྱང་ཡིན”། “དོན་ཆེན་གསུམ”གྱི་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱས་ཚེ། ང་ཚོས་གཞི་ནས་དུས་རབས་གསར་པའི་ལོ་བཅུའི་རིང་གི་རླབས་ཆེན་གྱི་འཕོ་འགྱུར་དང་དེའི་ཤུགས་རྐྱེན་ལ་གོ་བ་ཟབ་མོ་ལེན་ཐུབ།
དང་པོ། རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་སྐྱོད་པ་དང་དཀའ་སྡུག་ཚད་མེད་མྱངས་ནས་འོད་སྟོང་འཕྲོ་བའི་བྱས་རྗེས་བསྐྲུན་པ་བརྒྱུད་དེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བ་བསུས་ཡོང་ཞིང་། དེ་ནི་ཏང་དང་མི་དམངས་ཀྱི་འོད་སྟོང་འབར་བའི་དུས་ཆེན་ཞིག་ཡིན། ལོ་བརྒྱའི་བྱས་རྗེས་འོད་སྟོང་འཕྲོ་བའི་བསྐལ་བརྒྱར་གནས་པ་དང་ལོ་བརྒྱ་ཏག་ཏག་ལང་ཚོ་དར་ལ་བབ་ཡོད། ཀྲུང་གོ་གུང་ཁྲན་ཏང1921ལོར་བཙུགས་པ་ནས་2021ལོའི་བར་ལོ་ངོ་བརྒྱ་ཡི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུའི་ཐོག་བསྐྱོད་དེ། དང་ཐོག་ཏང་ཡོན50ལྷག་ལས་མེད་པའི་ཏང་ཆུང་ཆུང་ཞིག་ནས་ཏང་ཡོན་བྱེ་བ་དགུ་ས་ཡ་དྲུག་ལྷག་ཡོད་པ་དང་། མི་གྲངས་དུང་ཕྱུར14ལྷག་གི་རྒྱལ་ཁབ་ཆེན་པོར་འགོ་ཁྲིད་བྱེད་པ། གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཆེན་པོ་ལྡན་པ་བཅས་ཀྱི་འཛམ་གླིང་གི་སྲིད་འཛིན་ཏང་ཆེན་པོ་ཨང་དང་པོར་གྱུར་ཡོད། ལོ་ངོ་བརྒྱ་ཡི་རིང་ལ། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཁྲག་བཏོན་དམར་འཛིང་དང་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པར་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེའི་རླབས་ཆེན་གྲུབ་འབྲས་གསར་སྐྲུན་བྱས་པ་དང་། རང་སྟོབས་རང་སྤེལ་དང་ཤུགས་སྐྱེད་སྟོབས་སྤེལ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་རླབས་ཆེན་གྲུབ་འབྲས་བསྐྲུན་པ། བསམ་བློ་བཅིངས་འགྲོལ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རླབས་ཆེན་གྲུབ་འབྲས་བསྐྲུན་པ། རང་རྟོན་རང་བརྩོན་དང་བདེན་སྲུང་གསར་གཏོད་བྱས་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྲུབ་འབྲས་བསྐྲུན་ཡོད། ཏང་དང་མི་དམངས་ཀྱིས་ལོ་བརྒྱའི་རིང་འབད་འཐབ་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཐོག་གི་བརྗིད་རྔམ་ལྡན་པའི་ལོ་རྒྱུས་ཀྱི་སྙན་ངག་བརྩམས་ཡོད། ལོ་ངོ་བརྒྱ་ཡི་རིང་གསར་དུ་བཏོད་པའི་རླབས་ཆེན་གྱི་འགྲོ་ལམ་དང་། གསར་དུ་བསྐྲུན་པའི་རླབས་ཆེན་གྱི་བྱ་གཞག ཐོབ་པའི་རླབས་ཆེན་གྱི་གྲུབ་འབྲས་བཅས་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དེབ་ཐེར་དང་མིའི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་ཀྱི་ལོ་རྒྱུས་དེབ་ཐེར་དུ་འགོད་སྲིད།
གཉིས་པ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་ཞུགས་པ་དེ་ནི་རང་རྒྱལ་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པ་ཞིག་ཡིན། དུས་རབས་གསར་པར་ཞུགས་པ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་ལྡོག་ཐབས་མེད་པ་དང་། བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་དུ་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་ལོ་རྒྱུས་ཀྱི་ལྡོག་ཐབས་མེད་པ། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་འགྱུར་ལྡོག་འབྱུང་བའི་ལོ་རྒྱུས་ཀྱི་ལྡོག་ཐབས་མེད་པ་ཞིག་བཅས་ཡིན། དེ་ལས་ཉེ་རབས་ནས་བཟུང་དཀའ་སྡུག་ཚད་མེད་མྱངས་པའི་ཀྲུང་ཧྭ་མི་རིགས་ཡར་ལངས་བ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ལྡན་དུ་གྱུར་པའི་བར་གྱི་རླབས་ཆེན་གྱི་མཆོང་སྐྱོད་བསུས་ཡོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འོད་སྟོང་འབར་བའི་མདུན་ལྗོངས་བསུས་ཡོང་བ་མཚོན་ཞིང་། དུས་རབས21པའི་ཀྲུང་གོར་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། འཛམ་གླིང་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་མཚོན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་ཐབས་ལམ་རྒྱ་བསྐྱེད་ནས། འཛམ་གླིང་ཐོག་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་རེ་བ་བྱེད་ལ་རང་ངོས་ཀྱི་རང་ཚུགས་རང་བཞིན་སྲུང་འཛིན་ཐུབ་པར་ཡང་རེ་བ་བྱེད་པའི་རྒྱལ་ཁབ་དང་མི་རིགས་ལ་གདམ་ག་གསར་བ་མཁོ་འདོན་བྱས་ནས། མིའི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་སུ་ཕུལ་ཡོད་པ་མཚོན་ཡོད།
གསུམ་པ། དབུལ་ཐར་མཁྲེགས་གཏོར་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཚར་བར་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ཡོངས་འགྲུབ་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་གི་ཕུགས་འདུན་མངོན་འགྱུར་བྱུང་ཡོད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་མི་དམངས་ཀྱི་ཚབ་མཛད་དེ་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་བསྟུད་མར་འབད་འཐབ་བྱས་པ་བརྒྱུད། ང་ཚོས་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་པ་དང་། ཀྲུང་ཧྭའི་ས་གཞི་ཆེན་པོའི་ཐོག་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཞིང་། ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་དབུལ་བོ་དབུལ་ནག་གི་གནད་དོན་ཐག་གཅོད་བྱས་ཏེ། བློ་སྟོབས་ཆེར་བསྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད་པ་བརྗིད་ཉམས་ཆེན་པོས་ཁྱབ་བསྒྲགས་གནང་། དབུལ་ཕོངས་ལས་ཐར་བ་དང་འབྱོར་འབྲིང་མངོན་འགྱུར་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་གི་ཕུགས་འདུན་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་དོན་སྙིང་གལ་ཆེན་ཞིག་ཀྱང་ཡིན། ང་ཚོའི་ཏང་དབུ་བརྙེས་པ་ནས་བཟུང་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། རང་ཉིད་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་ཆེད་ཡུན་རིང་དཀའ་སྤྱད་འབད་འཐབ་བྱས་ཡོད། བཅོས་སྒྱུར་སྒོ་འབྱེད་ཀྱི་དུས་འགོར། “གོམ་རིམ་གསུམ”ལ་བརྟེན་ནས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་གཏན་ལ་ཕབ་པ་དང་། འབད་བརྩོན་བྱས་པ་བརྒྱུད། དུས་རབས20པའི་དུས་མཇུག་ཏུ་མི་དམངས་ཀྱི་འཚོ་བ་སྤྱིའི་ཆ་ནས་འབྱོར་འབྲིང་གི་ཆུ་ཚད་ལ་བསླེབས་པའི་དམིགས་འབེན་མངོན་འགྱུར་བྱུང་བ་རེད། རྨང་གཞི་དེའི་ཐོག་ང་ཚོའི་ཏང་གིས་གཟིགས་རྒྱང་རིང་པོའི་སྒོ་ནས་ཏང་དབུ་བརྙེས་ནས་ལོ100འཁོར་སྐབས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཚར་བར་བྱེད་པའི་དམིགས་འབེན་བཏོན་པ་རེད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་དབུལ་ཐར་མཁྲེགས་གཏོར་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བར་བྱེད་པའི་མཐའ་ཚད་ཀྱི་ལས་འགན་ལ་བརྩིས་ནས། མིའི་རིགས་ཀྱི་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་དང་ཤུགས་ཚད་ཆེ་ཤོས་ཀྱི་དབུལ་ཐར་མཁྲེགས་གཏོར་དམག་འཐབ་རྩ་འཛུགས་ལག་བསྟར་བྱས་ཏེ། དབུལ་བོ་དབུལ་ནག་མེད་པར་བཟོ་བའི་དཀའ་ཚེགས་ཆེ་བའི་ལས་འགན་ཡོངས་འགྲུབ་བྱས། ལོ་རྒྱུས་རང་བཞིན་ལྡན་པའི་རྒྱལ་ཁ་དེ་ལས་ཀྲུང་ཧྭ་མི་རིགས་ལ་ལོ་ངོ་སྟོང་ཕྲག་ཁ་ཤས་རིང་འགོག་རྐྱེན་བཟོ་བའི་དབུལ་བོ་དབུལ་ནག་མེད་པར་བཟོ་བའི་གནད་དོན་དེ་ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་ཐག་གཅོད་བྱས་པ་དང་། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་གསར་སྐྲུན་དང་། མཉམ་དུ་ཕྱུག་པོར་འགྱུར་བའི་བགྲོད་ལམ་ཐོག་གོམ་པ་བརྟན་པོ་སྤོས་བ། རང་རྒྱལ་གྱི་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་འགོ་རྩོམ་ས་སྔར་ལས་མཐོ་བའི་སྟེང་ལངས་པ་བཅས་མཚོན་ཡོད།
“དོན་ཆེན་གསུམ”པོ་འདི་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་དང་། ཤུགས་རྐྱེན་ཡང་ཟབ་མོ་ལྡན་པ་དེ་ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་གཟི་བརྗིད་དང་། ཀྲུང་གོ་མི་དམངས་ཀྱི་རླབས་ཆེན་གཟི་བརྗིད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་གཟི་བརྗིད་བཅས་ཡིན་པས། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཡིད་ཆེས་བརྟན་པོ་དང་། སྙིང་སྟོབས་ཆེ་སྐྱེད། ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་མ་གཏོང་བ་དང་སྐུལ་སློང་བྱེད་ངེས་ཡིན།
ཡིག་སྒྱུར་བ།སྒྲོལ་མ་སྐྱིད།