དྲི་བ་བཞི་བ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་ཚུན་གྱི་ལོ་ལྔ་ནི་ཧ་ཅང་རྒྱུན་ལྡན་མིན་པ་དང་ཧ་ཅང་སྤྱིར་བཏང་མིན་པའི་ལོ་ལྔ་ཡིན་ཞེས་བཤད་དགོས་དོན་ཅི་ཡིན་ནམ།
2022.11.25 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 10

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་ཚུན་གྱི་ལོ་ལྔ་ནི་ཧ་ཅང་རྒྱུན་ལྡན་མིན་པ་དང་ཧ་ཅང་སྤྱིར་བཏང་མིན་པའི་ལོ་ལྔ་རེད”ཅེས་བསྟན་ཡོད། དེ་ནི་འདས་ཟིན་པའི་ལོ་ལྔའི་རིང་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་གྲུབ་འབྲས་ལ་དངོས་ཡོད་དང་མཐུན་པའི་གདེང་འཇོག་བྱས་པ་ཞིག་རེད། དེ་སྔའི་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་འགའི་སྙན་ཞུའི་ནང་འདས་ཟིན་པའི་ལོ་ལྔ་ཡི་བྱ་བར་ཕྱོགས་བསྡོམས་དང་གདེང་འཇོག་བྱས་པར་གཞིགས་ན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་འདས་ཟིན་པའི་ལོ་ལྔ་ཡི་བྱ་བར་གདེང་འཇོག་བྱས་པ་དེ་ནི་ཁྱད་ཆོས་ཧ་ཅང་ཆེན་པོ་ལྡན་པ་ཞིག་ཡིན་ཞིང་།“གཏན་ནས་མི་བྱེད་པ་གཉིས”ཀྱིས་འདས་ཟིན་པའི་ལོ་ལྔ་ཡི་རིང་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་མངོན་གསལ་ཁྱད་ཆོས་གནད་ལ་འཁེལ་བའི་སྒོ་ནས་བཀོད་པ་རེད།

དང་པོ། “རྒྱུན་ལྡན་གཏན་ནས་མིན་པའི”སྐོར། དེས་གཙོ་བོ་ལོ་ལྔའི་རིང་ང་ཚོས་བརྒྱུད་མྱོང་བའི་བརྒྱུད་རིམ་ནན་གྱིས་བསྟན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་ཚུན་གྱི་ལོ་ལྔ་ནི“བརྒྱ་ལོ་གཉིས”པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འབྲེལ་མཚམས་སུ་གནས་པ་མ་ཟད། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་དང་ཡང་འཕྲད་ཡོད། རྒྱལ་ནང་དང་རྒྱལ་སྤྱིའི་རྒྱབ་ལྗོངས་ཆེན་པོ་འདི་ལྟ་བུས་ལོ་ལྔ་ཡི་རིང་ང་ཚོའི་ཕྲག་ཏུ་བབས་པའི་ལས་འགན་ནི་དཀའ་ཚེགས་དང་ལྗིད་རྫོབ་ཤིན་ཏུ་ཆེ་བ་ཞིག་ཡིན་པ་དང་། མདུན་དུ་ལྷགས་པའི་རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་རྣམ་པ་ནི་རྒྱུན་ལྡན་ལས་བརྒལ་བ་ཞིག་རེད། ཕྱོགས་གཅིག་ནས་ང་ཚོས་ངེས་པར་དུ་དུས་ལྟར་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་པའི་སྐྱོད་ལམ་གསར་པར་ཞུགས་དགོས། ཕྱོགས་གཞན་ཞིག་ནས་ང་ཚོས་ངེས་པར་དུ་ཉེན་ཁ་དང་འགྲན་སློང་གལ་ཆེན་སྣ་ཚོགས་ལས་རྣམ་པར་རྒྱལ་ཕོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་འགོར་འགྱངས་སུ་མི་འགྲོ་བ་དང་ཐ་ན་མཚམས་མི་འཇོག་པ་ཁག་ཐེག་བྱེད་དགོས། ད་ལྟ་བལྟས་ན། ཕྱོགས་དེ་གཉིས་ཀ་ང་ཚོས་བསྒྲུབས་ཟིན་མོད། འོན་ཀྱང་བརྒྱུད་རིམ་ལ་དཀའ་ཚེགས་ཀྱིས་ཁེངས་ཡོད། ལོ་ལྔའི་རིང་། ཉེན་ཁ་དང་འགྲན་སློང་ཆེན་པོ་གཅིག་རྗེས་གཉིས་མཐུད་དུ་བྱུང་པ་དང་། རྦ་རླབས་འཇིགས་སུ་རུང་བ་ལྟ་བུ་ཞིག་ཀྱང་རེད། དཔེར་ན། 2018ལོའི་དཔྱིད་ཀ་ནས་བཟུང་ཨ་མེ་རི་ཁའི་ཕྱོགས་རྐྱང་པས་བསླངས་པའི་ཉོ་ཚོང་རྩོད་གཞི་དང་། 2019ལོར་སླེབས་སྐབས་ཞང་ཀང་དུ་བྱུང་པའི“དཔེ་མཚོན་ཟིང་ཆ།” 2020ལོར་གསར་དུ་བྱུང་པའི་པྲོག་གསར་གློ་ཚད་རིམས་ནད་དང་། ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་བར་གྱི་འགལ་བ། དེ་ནས2022ལོའི་དཔྱིད་ཀར་བྱུང་པའི་བུའུ་ཁི་ལེན་གྱི་ཉམས་ཉེན། དེ་མིན་ལོ་འགའི་ནང་ནུབ་ཕྱོགས་སྟོབས་ཤུགས་ཀྱིས་ཁྱབ་ཁོངས་མང་པོ་ཞིག་ཏུ་བཟོས་པའི་རྩོད་གཞི་རབ་དང་རིམ་པ་དང་། ལྷག་པར་དུ་ཨ་རིའི་རྒྱལ་ཚོགས་ཀྱི་འགོ་ཁྲིད་པས་རང་རྒྱལ་གྱི་ཐའེ་ཝན་ལ་འཚམས་འདྲི་བྱེད་སྐབས་ཐོན་པའི་ཐའེ་ཝན་མཚོ་འགག་གི་གནས་བབ་ཛ་དྲག་ཏུ་འགྲོ་བ་སོགས་རེད། ཉེན་ཁ་དང་འགྲན་སློང་དེ་དག་གཅིག་རྗེས་གཉིས་མཐུད་དུ་བྱུང་པ་དང་། དམག་འཐབ་གང་ཞིག་ཡིན་རུང་རྒྱག་དཀའ་བས། དམག་འཐབ་གང་ཞིག་ཡག་པོ་མ་བྱུང་ན་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་བརླིང་བཅས་ཀྱི་ཕྱོགས་ཡོངས་ལ་ཤུགས་རྐྱེན་ཐེབས་སྲིད།

ཏང་ཀྲུང་དབྱང་གིས་མདུན་དུ་ལྷགས་པའི་ཉེན་ཁ་དང་འགྲན་སློང་གལ་ཆེན་ལ་སྔ་མོ་ནས་ཚོད་དཔག་དང་སྔ་མོ་ནས་གྲ་སྒྲིག་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་མཁྲེགས་གཏོར་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་དགོས་པ་མ་ཟད། ཉེན་ཁ་ཆེ་རིགས་སྔོན་འགོག་དང་སེལ་ཐབས་བྱ་རྒྱུ་དེ་ཨང་དང་པོར་འཇོག་དགོས་ཞེས་གསལ་པོར་བཏོན་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་ལ་ངེས་པར་དུ་ཉེན་ཁ་སྔོན་འགོག་གི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་པ་དང་ཕྱི་རོལ་ནས་ཡོང་བའི་བཀག་འགོག་དང་གནོན་ཤུགས་སྣ་ཚོགས་ལ་ཁ་གཏད་འཇལ་དགོས་པའི་ནན་བཤད་ཡང་ཡང་གནང་ཡོད། ང་ཚོས་ངེས་ཤུགས་རྒྱུན་འཁྱོངས་དང་བློ་རྩ་བརྟན་པོ། དཔའ་ངར་ཆེར་བསྐྱེད་བཅས་བྱེད་དགོས་པ་ལས་ནུས་མེད་ཟབ་ཟོབ་གཏན་ནས་བྱེད་མི་རུང་ལ། རྒྱལ་ཁབ་ཀྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ངེས་པར་དུ་གོམ་པ་གང་ཡང་ཕྱིར་བཤོལ་བྱེད་མི་དགོས། ལོ་ལྔའི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། བབ་བརླིང་ངང་ཁ་གཏད་འཇལ་བ་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ། དཀའ་གནད་རེ་རེ་བཞིན་སྒྲོལ་ཏེ་འགྲན་སློང་གལ་ཆེན་རེ་རེ་བཞིན་ལས་རྣམ་པར་རྒྱལ་ནས། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་ནུས་ལྡན་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཕྱོགས་ཡོངས་ཀྱི་གནས་བབ་ཆེན་པོར་སྲུང་སྐྱོང་ནུས་ལྡན་བྱས་ཡོད།

གཉིས་པ། “སྤྱིར་བཏང་གཏན་ནས་མིན་པའི”སྐོར། དེ་ལས་མང་ཆེ་ཤོས་ནི་ང་ཚོས་བླངས་པའི་གྲུབ་འབྲས་བསྟན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་བསྟན་དོན། “ལོ་ལྔའི་རིང་ལ། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དུས་ཡུན་རིང་པོར་ཐག་གཅོད་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་སེལ་བ་དང་། རྒྱང་རིང་དང་འབྲེལ་བ་ཡོད་པའི་དོན་ཆེན་དང་གནད་འགག་གི་དོན་དག་མང་པོ་བསྒྲུབས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐུལ་འདེད་བཏང་ནས་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཆེན་པོ་ཐོབ་ཡོད།” ལོ་ལྔའི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་ཡང་དག་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་རྒྱག་པ་དང་། རང་འགུལ་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། བཅོས་སྒྱུར་ལ་གོམ་སྟབས་མགྱོགས་པོས་སྐུལ་འདེད་གཏོང་བ། བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོ་སྐུལ་སྤེལ་ཏན་ཏིག་བྱས་པ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བ། ཧུར་ཐག་གིས་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ། དམངས་ཚིས་འགན་སྲུང་དང་ལེགས་བཅོས་མངོན་གསལ་བྱས་པ། སྟོབས་ཤུགས་གཅིག་བསྡུས་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་ལག་བསྟར་བྱས་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་སྤེལ་ཤུགས་ཆེན་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་འདུམ་སེལ་བྱེད་པ། སྤྱི་ཚོགས་ཕྱོགས་ཡོངས་བརྟན་བརླིང་ཡོང་བར་རྒྱུན་འཁྱོངས་བྱེད་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་གང་ཅིའི་ཐད་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་སྤེལ་བ། ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འཛམ་གླིང་ཡོངས་ཀྱིས་བརྩི་མཐོང་བྱེད་པའི་གྲུབ་འབྲས་གལ་ཆེན་ཐོབ་པར་སྐུལ་འདེད་གཏོང་བ་བཅས་བྱས། ལོ་ལྔའི་རིང་ང་ཚོའི་མདུན་དུ་ལྷགས་པའི་གནས་བབ་སྔར་ལས་ཛ་དྲག་དང་རྙོག་འཛིང་ཆེ་བ་དང་། འབད་འཐབ་ཀྱི་ལོ་རྒྱུས་ལམ་བུ་སྔར་ལས་དཀའ་ཚེགས་ཆེ་བས། ང་ཚོས་ལོ་ལྔའི་རིང་གི་འབད་འཐབ་གྲུབ་འབྲས་ནི་ལས་སླ་མོར་ཐོབ་པ་ཞིག་མིན་པ་དང་། སྤྱིར་བཏང་གཏན་ནས་མིན་པའི་མྱོང་ཚོར་ཟབ་མོ་བྱེད་ཐུབ།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།