སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་པའི་ཚུན་གྱི་ལོ་ལྔའི་རིང་གི་བྱ་བ་དང་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་གྱི་ལོ་བཅུའི་རིང་གི་རླབས་ཆེན་འཕོ་འགྱུར་ལ་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་གནང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཐད་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པར་ཁས་ལེན་གང་ལེགས་བྱས་པ་དང་ཆབས་ཅིག“ང་ཚོའི་བྱ་བར་ད་དུང་མི་འདང་ས་ཁ་ཤས་ཡོད་པ་དང་། མདུན་དུ་ལྷགས་པའི་དཀའ་ངལ་དང་གནད་དོན”གསལ་པོར་བསྟན་ཡོད། དེ་བས་ངེས་པར་དུ་ཀླད་པ་གསལ་བོས་ངོས་འཛིན་བྱ་དགོས།
དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ནས་བལྟས་ན། འབུར་དུ་ཐོན་པའི་གནད་དོན་གཙོ་བོ་འདི་དག་གནས་ཡོད་དེ། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་ཡིན་པའི་གནད་དོན་སྔར་བཞིན་འབུར་ཐོན་ཡིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ད་དུང་འགག་རྩའི་གནད་དོན་མང་པོ་ཡོད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་། གནད་ལ་འཁེལ་བ། ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་ད་དུང་གནད་ལ་མི་འཁེལ་བ་རེད། ཚན་རྩལ་གསར་སྐྲུན་གྱི་ནུས་པ་ད་དུང་ཆེན་པོ་མེད་པ་དང་། གནད་འགག་ལྟེ་བའི་ལག་རྩལ་ཁ་ཤས་སྔར་བཞིན་གཞན་དབང་དུ་ཚུད་པ་དང་། ཚན་རྩལ་གསར་སྐྲུན་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ད་དུང་མཐོན་པོ་མེད་པ། འབྲུ་རིགས་དང་། ནུས་ཁུངས། ཐོན་ལས་སྦྲེལ་ཐག་མཁོ་སྤྲོད་འབྲེལ་ཐག་གི་རྒྱབ་བརྟེན་བཅོལ་ཆོག་པའི་བདེ་འཇགས་ཀྱི་གནད་དོན་གལ་ཆེན་མང་པོ་ད་དུང་ངེས་པར་དུ་ཐག་གཅོད་བྱས་ཏེ། དངུལ་ལོར་སོགས་ཁྱབ་ཁོངས་སུ་ད་དུང་ཉེན་ཁ་མི་ཉུང་བ་ཞིག་སྔོན་འགོག་དང་ཐག་གཅོད་བྱེད་དགོས་པ། ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པར་སྔར་བཞིན་སྐུལ་འདེད་གཏོང་དགོས་པ་དང་གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཐད་ནས་ད་དུང་དཀའ་གནད་མི་ཉུང་བ་ཞིག་ཐག་གཅོད་བྱེད་དགོས་པ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་འགྲན་སློང་མི་ཉུང་བ་ཞིག་གནས་ཡོད་པ་དང་། སྤྱི་ཚོགས་དཔལ་ཡོན་གྱི་དར་ཚད་ད་དུང་མཐོ་རུ་གཏོང་དགོས་པ་དང་། སྤུས་ཚད་མཐོ་བའི་རིག་གནས་ཞབས་ཞུ་དང་ཐོན་རྫས་མཁོ་འདོན་བྱ་རྒྱུ་མི་འདང་བ། ཀྲུང་ཧྭ་རིག་གནས་རྒྱལ་སྤྱིའི་སྟེང་ཁྱབ་སྤེལ་བྱེད་པའི་ནུས་པ་དང་ཤུགས་རྐྱེན་ནུས་པ་དེ་རང་རྒྱལ་གྱི་རྒྱལ་སྤྱིའི་སྟེང་གི་གོ་གནས་དང་མཐུན་བཞིན་མེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་དང་ཡོང་འབབ་བགོ་བཤའི་ཧེ་བག་སྔར་བཞིན་ཅུང་ཆེ་བ་དང་། ཞིང་ལས་ཀྱི་རྨང་གཞི་ད་དུང་བརྟན་པོ་མིན་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ལས་འགན་ཤིན་ཏུ་དཀའ་ཚེགས་ཆེ་བ། དམངས་ཚིས་འགན་སྲུང་ཐད་ད་དུང་ཞན་ཆ་གནས་ཡོད་པ་སྟེ། མང་ཚོགས་རྣམས་ལས་ཞུགས་དང་། སློབ་གསོ། སྨན་བཅོས། བུ་བཅོལ། རྒན་གསོ། སྡོད་ཁང་སོགས་ཕྱོགས་སོ་སོའི་ཐད་དཀའ་ངལ་མང་པོ་ཡོད་པ་དང་། སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་དང་། མཁར་གྲོང་ཅན། མི་གྲངས་རྒས་འཁོགས་ཅན། ལས་ཞུགས་བྱེད་སྟངས་སྣ་མང་ཅན་གྱི་ཁ་ཕྱོགས་ལ་ད་དུང་ཡོངས་སུ་འཚམ་ཐུབ་ཀྱིན་མེད་པ། སྤྱི་ཚོགས་བཅོས་སྐྱོང་བྱེད་པར་ད་དུང་ཞན་ཆ་ཡོད་པ། སྐྱེ་ཁམས་ཁོར་ཡུག་བརྟན་འཇགས་ཁྲོད་བཟང་ཕྱོགས་སུ་འཕེལ་བའི་རྨང་གཞི་བརྟན་པོ་མིན་པ་དང་། གྲངས་ཀྱི་འགྱུར་ལྡོག་ནས་ངོ་བོའི་འགྱུར་ལྡོག་གི་དཀྱོག་མཚམས་ལ་ད་དུང་སླེབས་མེད་པས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགན་དེ་སྔར་བཞིན་དཀའ་ཚེགས་ཆེ་བ་དང་། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ཁྲོད་ད་དུང་དཀའ་ཚེགས་ཆེ་བའི་འབད་བརྩོན་བྱེད་དགོས་པ། རྒྱལ་ཁབ་བདེ་འཇགས་ཁྱབ་ཁོངས་སུ་ད་དུང་ཉེན་ཁ་དང་འགྲན་སློང་མི་ཉུང་བ་ཞིག་གནས་ཡོད་པ་རེད།
ཏང་གི་འཛུགས་སྐྲུན་ཕྱོགས་ནས་བལྟས་ན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་པ་བརྒྱུད། ང་ཚོས་ཏང་ནང་གི་འབུར་དུ་ཐོན་པའི་གནད་དོན་མང་པོ་ཐག་གཅོད་བྱས་ཀྱང་། ཏང་གི་མདུན་དུ་ལྷགས་པའི་སྲིད་སྐྱོང་ཉམས་སད་དང་། བཅོས་སྒྱུར་སྒོ་འབྱེད་ཀྱི་ཉམས་སད། ཁྲོམ་རའི་དཔལ་འབྱོར་གྱི་ཉམས་སད། ཕྱི་ཕྱོགས་ཁོར་ཡུག་གི་ཉམས་སད་བཅས་དུས་ཡུན་རིང་པོར་གནས་ཡོད་པ་དང་། བསམ་བློ་སྒྱིད་ལུག་གི་ཉེན་ཁ་དང་། ནུས་པ་མི་འདང་བའི་ཉེན་ཁ། མང་ཚོགས་དང་ཁ་བྲལ་བའི་ཉེན་ཁ། སྒྱིད་ལུག་རུལ་སུངས་ཀྱི་ཉེན་ཁ་སོགས་དུས་ཡུན་རིང་པོར་གནས་ཡོད། ཏང་ཡོན་དང་ལས་བྱེད་པ་ཁ་ཤས་ལ་འགན་འཁུར་བའི་སྙིང་སྟོབས་མེད་པ་དང་། འཐབ་རྩོད་ཀྱི་འཇོན་ཐང་ཆེན་པོ་མེད་པ། དངོས་སྒྲུབ་ཀྱི་སྙིང་སྟོབས་མི་འདང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྣང་ཚུལ་སྔར་བཞིན་འབུར་དུ་ཐོན་པ། སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་སྲོལ་ངན་སྔར་བཞིན་ཐོན་བཞིན་ཡོད། འགོ་ཁྲིད་ལས་བྱེད་པ་འགའ་ཞིག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་པ་རང་རྟོགས་དང་བརྟན་པོ་མིན་པ་དང། དོན་འཁྱོལ་དངོས་འབེབ་བྱེད་པ་དེ་ཁ་ནས་བཤད་པ་ཙམ་དང་། ཡང་ན་དོན་དངོས་ལ་མི་བལྟ་བར་རྨོངས་ཚོད་དང་གང་བྱུང་དུ་སྒྲུབ་བཞིན་ཡོད་པ་རེད། རུལ་སུངས་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་ད་དུང་ཛ་དྲག་ངང་སྤེལ་བཞིན་ཡོད་པ་མ་ཟད། དུས་རིམ་རང་བཞིན་གྱི་ཁྱད་ཆོས་གསར་པ་འགའ་ཞིག་མངོན་བཞིན་ཡོད་པས། རུལ་སུངས་རྩ་མེད་བཟོ་བའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བ་རེད།
གྲུབ་འབྲས་ཁས་ལེན་གང་ལེགས་དང་མི་འདང་སར་ལྟ་སྟངས་ཡང་དག་འཛིན་ཕོད་པར་བྱ་རྒྱུ་ནི་ང་ཚོ་ཏང་གིས་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་དང་། མི་དམངས་ལ་འགན་འཁུར་ཕོད་པ། རང་ངོས་གསར་བརྗེ་བྱེད་ཕོད་པ་བཅས་ཀྱི་མཚོན་ཚུལ་ཞིག་རེད། ང་ཚོའི་བྱ་གཞག་ནི་ནམ་ཡང་བདེ་བླག་ཞིག་མ་ཡིན་པར་དུས་ནམ་ཡང་གནད་དོན་ཐག་གཅོད་བྱེད་བཞིན་མདུན་སྐྱོད་བྱེད་དགོས། ཏང་དང་མི་དམངས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་ནས་ཐོབ་པའི་འཛམ་གླིང་ཡོངས་ཀྱིས་བརྩི་མཐོང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཚང་མས་ཁས་ལེན་བྱེད་དགོས། བྱ་བའི་ཁྲོད་གནས་པའི་སྐྱོན་ཆ་དང་མི་འདང་སར་ང་ཚོས་གཡོ་འགེབས་དང་གསང་ཐབས་གཏན་ནས་མི་བྱེད་པར་ཐོག་མཐའ་བར་གསུམ་དུ་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པའི་ཀླད་པ་གསལ་བོ་དང་རྣམ་འགྱུར་བརྟན་པོ་རྒྱུན་འཁྱོངས་བྱས་ནས་དུས་ནམ་ཡང་གནད་དོན་ཐག་གཅོད་བྱེད་པའི་ཆོད་སེམས་བརྟན་པོ་དང་ངང་རྒྱུད་རིང་པོ་རྒྱུན་འཁྱོངས་བྱེད་དགོས། ང་ཚོས་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ལེགས་ཆ་དར་སྤེལ་གཏོང་བ། ཞན་ཆ་གསབ་པ། ཉམས་པ་སྟོབས་ཆེར་གཏོང་བ་རྒྱུན་འཁྱོངས་བྱས་ནས་གྲུབ་འབྲས་དར་སྤེལ་དང་ཉམས་མྱོང་ཕྱོགས་བསྡོམས། གནད་དོན་གྱི་འདུ་ཤེས་དང་གནད་དོན་གྱི་ཕྱོགས་སྟོན་ཇེ་དྲག་ཏུ་བཏང་སྟེ། བྱེད་ཐབས་ནུས་ལྡན་སྤྱད་དེ། གནས་པའི་འབུར་ཐོན་འགལ་བ་དང་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་ལེགས་པོ་བྱས་ན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་དང་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་ཐུབ་ངེས་རེད།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།