ནོར་ལུག་གི་དགུན་སྐྱེལ་གཟན་ཆས་གྲ་སྒྲིག་ཡག་པོ་བྱས་ནས་སང་ལོར་ཕན་འབྲས་ཐོབ་པར་འགན་ལེན་བྱས། 
2022.11.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 15

དགུན་དུས་སླེབས་པ་དང་བསྟུན་ནས་གསེར་མདོག་གིས་བརྒྱན་པའི་རྩྭ་ཐང་གི་མཛེས་ལྗོངས་ཀྱིས་མི་རྣམས་ཀྱི་ཡིད་དབང་འཕྲོག་པར་བྱེད། ཡིན་ནའང་དེ་འདྲའི་མཛེས་ལྗོངས་ཀྱི་རྒྱབ་རོལ་ཏུ་འབྲོག་པ་རྣམས་ཀྱི་གདོང་ལ་སྐྱོ་བས་ཁེངས་ཡོད།“ད་ལོའི་དགུན་ཚུགས་རྗེས་གནམ་གཤིས་ཀྱང་རྒྱུན་ལྡན་མིན་པར་ཁ་བ་ཐེངས་མང་བབས་ནས་རྩྭ་ཐང་ཡོངས་སུ་ཁ་བས་གཡོགས་པ་མ་ཟད། དྲོད་ཚད་དམའ་བ་དང་ཁངས་ཞུ་ཚད་དལ་བས་ངེད་ཚང་གི་འབྲི་གཡག་བཅུ་གྲངས་ལྷག་ལ་གཟན་ཆས་དཀོན་པར་གྱུར་བས་ཉིན་རེར་བཞིན་ཤ་ཤེད་ལྷུང་བཞིན་ཡོད”ཅེས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གཡུ་སྐེ་ཡུལ་ཚོ་དར་དམར་སྡེ་བའི་འབྲོག་པ་སྐལ་བཟང་གིས་བྲེལ་འཚུབ་ངང་དེ་ལྟར་བཤད།

འབྲོག་པ་རྣམས་ཀྱིས་མིག་སྔར་སེམས་ཁུར་བྱེད་བཞིན་པའི་བྱ་བ་ཐག་གཅོད་བྱེད་ཆེད། གཡུ་སྐེ་ཡུལ་ཚོསི་ཏང་ཨུ་དང་སྲིད་གཞུང་གིས“སྔ་བ་གསུམ”ལ་བརྟེན་ནས་དགུན་སྐྱེལ་ཕྱུགས་སྲུང་བྱ་བ་ཡག་པོ་བསྒྲུབས་ཏེ། དགུན་སྐྱེལ་གཟན་རྩྭའི་རྒྱུ་ཆ་གྲབས་གསོག་གི་ལས་འགན་ཁག་མགྱོགས་མྱུར་ངང་ལེགས་པོ་བསྒྲུབས།

“ད་བར་ནི་ནོར་ལུག་ལ་དགུན་གྱི་གཟན་ཆས་གྲབས་གསོག་བྱེད་བཞིན་པའི་སྒང་ཡིན། ཉིན་ཤས་སྔོན་དུ་ང་ཚོས་གཟན་རྩྭ་ཁག་གཉིས་པ་བཀོད་སྒྲིག་བྱས་ནས་ཕྱུགས་རིགས་ལ་གཟན་ཆས་གྲ་སྒྲིག་བྱས་ཡོད། ཐོག་མར་སྡེ་བའི་འགོ་ཁྲིད་པ་དང་ཧྲུའུ་ཅི་དང་པོ། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི། སྡེ་བའི་ཏང་ཡོན་བཅས་སྔོན་ལ་སྡེ་བའི་ཁྱིམ་ཚང་དུ་བསྐྱོད་དེ་ཁྱིམ་ཚང་རེ་རེའི་འབྲོག་པ་མང་ཚོགས་ལ་སྔ་ས་ནས་གཟན་རྩྭ་གསོག་འཇོག་བྱེད་དགོས་པའི་སྐུལ་སློང་བྱས་ཤིང་། མིག་སྔར་ཡུལ་ཚོ་ཡོངས་ཀྱི་འབྲོག་ཁྱིམ70%ཡིས་གཟན་རྩྭ་རང་གསོག་བྱས་པ་དང་དུས་མཚུངས་སུ་སྡེ་བའི་ནང་གི་འབྲོག་ཁྱིམ་ཁག་གཅིག་གི་གསོག་འཇོག་མི་འདང་བ་དང་། སྐྱེལ་འདྲེན་སྟབས་བདེ་མིན་པ་སོགས་ཀྱི་གནད་དོན་ལ་བསམ་གཞིག་བྱས་ནས། ཏང་ཡོན་གདོང་ལེན་རུ་ཁག་གིས་གཟའ་འཁོར་རེར་དུས་བཀག་ལྟར་གཅིག་གྱུར་གྱིས་ཉོ་སྒྲུབ་དང་དངོས་ཟོག་སྒོ་འགྲམ་དུ་སྐྱེལ་བའི་ཞབས་འདེགས་ཞུ་བཞིན་ཡོད། དཀའ་ངལ་ཡོད་པའི་གསོ་སྤེལཁྱིམ་ཚང་ཁག་གཅིག་ལ་སྤྱི་རྒྱ150ཡི་ཚད་གཞི་ལྟར་རིན་པ་མི་དགོས་པར་གཟན་རྩྭ་སྤྲད་དེ། ཕྱུགས་ཟོག་ལ་གཟན་ཆས་ཡོད་ན་འབྲོག་པར་སེམས་ཁྲལ་མེད་པའི་བྱ་བ་དངོས་འབེབས་བྱས་ཡོད་ཅེས་གཡུ་སྐེ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་པད་མ་བཟང་མོས་གསར་འགོད་པར་བཤད་བྱུང་།

དར་དམར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ནོར་བུ་ཚེ་རིང་གིས་དགའ་ཚོར་ཆེན་པོས་བཤད་རྒྱུར། དར་དམར་སྡེ་བའི་རྒྱུད་བཟང་གསོ་སྤེལ་རྟེན་གཞི་ནི་ང་ཚོའི་སྡེ་བའི་ནོར་གཞོང་ལྟ་བུ་ཡིན་པ་དང་། དེར་ཡོད་པའི་ནོར་བུ་ལྟ་བུའི་ནོར་ལུག་དེ་དག་ལ་སྲུང་སྐྱོབ་ཡག་པོ་བྱེད་ཆེད། ད་ལོའི་དགུན་ཁ་མ་སླེབས་གོང་ཕྱུགས་རིགས་སྟོང་ཕྲག་ལྷག་ཤོང་ཐུབ་པའི་དྲོད་ཁང་ལས་ཟིན་པ་མ་ཟད། གཟན་རྩྭ་དང་གཟན་ཆག་ཏུན་བཅུ་ཕྲག་ཁ་ཤས་གསོག་འཇོག་བྱས་ཡོད། དེ་དང་ཆབས་ཅིག་ད་ལོའི་དགུན་དུས་དང་སང་ལོའི་དཔྱིད་དུས་ཀྱི་གཟན་རྩྭ་གསོག་འཇོག་དང་རྩྭ་ཐང་གི་གནོན་ཤུགས་ཆུང་དུ་བཏང་ནས་འབྲོག་པ་ཚོའི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་ཇེ་མང་དུ་གཏོང་ཆེད། ཉེ་ལམ་ང་ཚོས་འབྲི་གཡག25དང་ལུག350ལྷག་ཙམ་གསོ་ཁ་ནས་ཕུད་དེ། སྡེ་བ་ཡོངས་ལ་དེའི་ཁེ་སྤོགས་སྒོར་མོ་འབུམ་བཞི་དང་ཁྲི་དགུ་ལྷག་ཙམ་བགོས་པ་དང་། སྒོར་མོ་འབུམ་གཉིས་བཏང་ནས་སྡེ་མི612ལ་སྨན་བཅོས་འགན་བཅོལ་ཉོས་པར་གཅིག་གོ་གཉིས་ཆོད་བྱུང་ཡོད།     དགུན་དུས་སུ་ཕྱུགས་ཟོག་གི་ཤ་ཤེད་ལྷུང་པ་དང་དཔྱིད་ཀྱི་དུས་སུ་འཆི་བའི་སྣང་ཚུལ་ཐོན་རྒྱུ་སྔོན་འགོག་བྱེད་ཆེད། ང་ཚོས་ནུས་ཤུགས་ཡོད་རྒུས་རྩྭ་རིང་དང་རྩྭ་ཐུང་། རྩྭ་རྩུབ་པོ། གཟན་ཆག་ཞིབ་ཕྲ་བཅས་སྟེར་བའི་གསོ་སྤེལ་བྱེད་སྟངས་ལ་བརྟེན་ནས་ཚན་རིག་དང་མཐུན་པའི་ངང་གསོ་སྤེལ་བྱས་པས་གཟན་རྩྭའི་ཟད་གྲོན་ཇེ་ཉུང་དུ་ཕྱིན་ཡོད་ཟེར།

རྫོང་ཞིང་ཕྱུགས་ཅུའུ་ཡི་ཅུའུ་ཀྲང་ཧོས་ཞའོ་མེན་གྱིས་ད་ལོར་གཟན་རྩྭའི་ཐོན་ལས་འཕེལ་རྒྱས་དང་རྩྭ་ཕྱུགས་ཀྱི་འགལ་བ་ཞི་ལྷོད་དུ་གཏོང་ཆེད། ཆུ་དམར་ལེབ་རྫོང་དུ་ཡུལ་ཚོ་རིམ་པའི་མུའུ་ཁྲི་ཡི་གཟན་རྩྭ་འདེབས་འཛུགས་རྟེན་གཞི་མང་པོ་བསྐྲུན་པར་ལོ་ལེགས་བྱུང་སྟེ།  གཟན་རྩྭ་སྔོན་པོ་སྙོལ་བའི་ལག་རྩལ་སྤྱད་པ་དང་ད་ལྟ་གཟན་རྩྭ་ཏུན3000གྲབས་གསོག་བྱས་པས། རྫོང་ཡོངས་ཀྱི་ཕྱུགས་རིགས་ལ་དགུན་སྐྱེལ་གཟན་རྩྭ་འདང་ངེས་མཁོ་འདོན་བྱས་ཡོད་ཟེར།  དེ་དང་ཆབས་ཅིག་གསོ་ཁ་ནས་འབུད་པའི་ཚད་ཆེ་རུ་བཏང་ནས་འབྲོག་པའི་ཡོང་འབབ་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་ཆེད། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་དམངས་ཕན་སྲིད་ཇུས་ལྟར་གསོ་ཁ་ནས་འབུད་པར་ཁ་གསབ་བཏོན་ནས། སྐབས་དང་པོའི“འབྲི་ཆུའི་མགོ་ཁུངས་ཀྱི་ཡུས་ཧྲུའུ། མཐོ་སྒང་གི་ཆུ་དམར་ལེབ་ཀྱི་ཕྱུགས་རིགས་ཉོ་སྒྲུབ་དུས་ཆེན”ཞེས་པ་གཉེར་བ་དང་། མིག་སྔའི་བར་རིམ་རྩིས་བྱས་ན་འབྲི་གཡག་ཁྲི་བཞི་དང་སྟོང་གཉིས་དང་ལུག་སྟོང་བརྒྱད་གསོ་ཁ་ནས་བུད་པས་རྩྭ་ཕྱུགས་དོ་མཉམ་བྱུང་ཞིང་འབྲོག་པའི་ཕྱུག་འགྱུར་གྱི་བསམ་འདུན་མངོན་འགྱུར་བྱུང་ཡོད།

                                                                  ཡིག་སྒྱུར་བ། གཡང་འབུམ་རྒྱལ།