དྲི་བ་དགུ་བ། དུས་རབས་གསར་པའི་ལོ་བཅུའི་རིང་གི་རླབས་ཆེན་འཕོ་འགྱུར་ནི་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་བའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་ཐོག་ཏུ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད་ཅེས་བརྗོད་དགོས་དོན་ཅི་ཡིན།
2022.11.30 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 46

སྤྱི་ཁྱབ་ཧྲུའུ་ཅི་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས“ དུས་རབས་གསར་པའི་ལོ་བཅུའི་རིང་གི་རླབས་ཆེན་འཕོ་འགྱུར་ནི་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་བའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་ཐོག་ཏུ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད་ཅེས་བསྟན་ཡོད། ཆོད་གཏམ་གལ་ཆེན་འདིས་གཟིགས་རྒྱང་རིང་བའི་སྒོ་ནས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་གྱི་ལོ་བཅུའི་རིང་གི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་གྱི་དོན་སྙིང་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་གནང་བ་རེད། དེ་ལ་ཕྱོགས་བཞི་ནས་གོ་བ་བླངས་ཆོག

དང་པོ། དུས་རབས་གསར་པའི་གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་ཁྲོད་ལོ་ངོ་བརྒྱའི་འབད་འཐབ་ལོ་རྒྱུས་ཀྱི་ལམ་བུ་བརྒྱུད་མྱོང་བའི་ཀྲུང་གོ་གུང་ཁྲན་ཏང་སྔར་ལས་ཞུམ་མེད་སྟོབས་ལྡན་དུ་གྱུར་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་ནང་ཁུལ་དུ་གནས་པའི་འབུར་ཐོན་གྱི་གནད་དོན་ལ་དམིགས་ཏེ། ང་ཚོས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་བློ་རྩ་བརྟན་པོས་སྲུང་སྐྱོང་བྱས་ཤིང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལམ་ལུགས་འཐུས་ཚང་དུ་བཏང་ཡོད། ལྕགས་རྡུང་བར་རང་ལུས་ངེས་པར་དུ་བཀན་མོ་ཡིན་དགོས་པ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་བ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་སྤྱོད་ཚུལ་སྒྲིག་ནན་བྱས་པ། ལྕགས་གཟེར་འདེབས་པའི་སྙིང་སྟོབས་ལ་བརྟེན་ནས“སྤྱོད་ཚུལ་བཞི”ཡོ་བསྲང་དང་བཅོས་སྐྱོང་བྱས་པ། ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་ཏེ། ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པར་མ་ཟད་ཕྱོགས་ཡོངས་ནས་སྲ་བརྟན་དུ་བཏང་།  འབད་བརྩོན་ལྷོད་མེད་བྱས་པར་བརྟེན་ནས།  ཏང་གིས་རང་ངོས་གསར་བརྗེ་བྱེད་པ་སྟེ་ཟིང་འཇགས་དར་རྒུད་ཀྱི་ལོ་རྒྱུས་རེས་འཁོར་གྱི་ཡུན་ཚད་ལས་ཐར་བར་བྱེད་པའི་དྲིས་ལན་གཉིས་པ་འདི་རྙེད་ཅིང་།   རང་ངོས་གཙང་སྒྱུར་དང་རང་ངོས་འཐུས་ཚང་། རང་ངོས་གསར་སྒྱུར།  རང་ངོས་གོང་སྤེལ་བཅས་ཀྱི་ནུས་པ་མངོན་གསལ་སྒོས་ཇེ་དྲག་ཏུ་གྱུར་བ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ལྷུག་ལྷོད་མཉེན་གསུམ་གྱི་གནས་ཚུལ་ལ་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་སྟེ།  སྲོལ་བཟང་སྤྱོད་བཟང་གི་ཏང་ནང་ཁུལ་གྱི་ཆབ་སྲིད་སྐྱེ་ཁམས་རྒྱུན་ཆད་མེད་པར་ཆགས་པ་དང་འཕེལ་རྒྱས་སུ་སོང་བ་རེད། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་ཁྲིད་སྟོན་ནུས་པ། མང་ཚོགས་ཀྱི་རྩ་འཛུགས་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱས་ཡོད།  ཀྲུང་གོ་གུང་ཁྲན་ཏང་ནི་འཛམ་གླིང་གི་གནས་བབ་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་ཉམས་སད་སྣ་ཚོགས་ལ་ཁ་གཏད་འཇལ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་མི་དམངས་ཀྱི་གཞི་རྐང་དུ་གྱུར་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཐོག་མཐའ་བར་གསུམ་དུ་འགོ་ཁྲིད་སྲོག་ཤིང་སྟོབས་ལྡན་དུ་གྱུར་ཡོད།

གཉིས་པ། དུས་རབས་གསར་པའི་རླབས་ཆེན་གྱི་འབད་འཐབ་ཁྲོད་དུ་ཀྲུང་གོ་མི་དམངས་ཀྱིས་ལོ་རྒྱུས་ཀྱི་རང་རྟོགས་དང་རང་འགུལ་གྱི་སྙིང་སྟོབས་སྔར་ལས་ཆེ་བ་འདོན་བཞིན་ཡོད།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་སྐུལ་ལྕག་འབོད་སྐུལ་འོག་ཏུ།  ཉེན་ཁ་དང་འགྲན་སློང་རབ་དང་རིམ་པར་ཁ་གཏད་འཇལ་བའི་ཉམས་སད་ཁྲོད་ཏང་སེམས་དང་། དམག་སེམས། དམངས་སེམས་བཅས་སྔར་ན་མེད་པའི་གོང་བུ་གཅིག་ཏུ་འགྲིལ་ཡོད། ཀྲུང་གོ་མི་དམངས་དུང་ཕྱུར་14ལྷག་གི་མི་རིགས་རང་བཀུར་གྱི་བསམ་པ་དང་།  ཡིད་ཆེས་ཀྱི་བསམ་པ། སྤོབས་སེམས་བཅས་སྔར་ལས་ཆེ་རུ་ཕྱིན་པ་དང་། བློ་སྟོབས་དང་། ལ་རྒྱ། གདེང་ཚོད་བཅས་སྔར་ལས་ཆེ་རུ་ཕྱིན་པ། མདུན་སྐྱོད་ཀྱི་སྒུལ་ཤུགས་སྔར་ལས་སྟོབས་ཆེར་ཕྱིན་པ། འབད་འཐབ་ཀྱི་སྙིང་སྟོབས་སྔར་ལས་ཆེ་རུ་ཕྱིན་པ། རྒྱལ་ཁ་ཐོབ་ངེས་ཀྱི་གདེང་ཚོད་སྔར་ལས་ཇེ་བརྟན་དུ་ཕྱིན་པ། འགག་སྒྲོལ་དཀའ་སེལ་དང་སྙིང་སྟོབས་ཆེར་སྐྱེད་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བ་བཅས་བྱུང་ཡོད།  ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ལྡན་དུ་གྱུར་པའི་བར་གྱི་རླབས་ཆེན་མཆོང་སྐྱོད་ལ་ཡིད་ཆེས་བརྒྱ་འགྱུར་གྱིས་སྐུལ་འདེད་གཏོང་བཞིན་ཡོད།

གསུམ་པ། དུས་རབས་གསར་པའི་རླབས་ཆེན་ལག་ལེན་ཁྲོད་རང་རྒྱལ་གྱི་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ཆེན་པོ་མངོན་འགྱུར་བྱུང་ཡོད།

ལོ་བཅུའི་རིང་ལ། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ། དཔལ་འབྱོར་གྱི་སྟོབས་ཤུགས་དང་། ཚན་རྩལ་གྱི་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། རང་རྒྱལ་གྱི་དཔལ་འབྱོར་བསྡོམས་འབོར་བརྟན་བརླིང་ངང་འཛམ་གླིང་གི་ཨང་གཉིས་པར་གནས་པ་དང་། མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་དེ་ཡོང་འབབ་མཐོ་བའི་རྒྱལ་ཁབ་ཀྱི་ཚད་གཞི་དང་ཉེ་བ། འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་དང་། སྤྱི་ཚོགས་འགན་སྲུང་མ་ལག སྨན་བཅོས་འཕྲོད་བསྟེན་མ་ལག་བཅས་བསྐྲུན་ཟིན་ནས་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་བྱུང་བའི་ངོ་མཚར་ཅན་ཆེན་པོ་གཉིས་ཀྱི་ལེའུ་གསར་པ་ཞིག་བརྩམས་པ་དང་། དབུལ་ཐར་མཁྲེགས་གཏོར་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བར་བྱེད་པའི་འབད་འཐབ་དམིགས་འབེན་དུས་བཅད་ལྟར་མངོན་འགྱུར་བྱུང་ཡོད། རང་རྒྱལ་གྱི་འཕེལ་རྒྱས་ལ་དངོས་པོའི་རྨང་གཞི་སྔར་ལས་བརྟན་པོ་དང་ལམ་ལུགས་ཀྱི་འགན་ལེན་སྔར་ལས་འཐུས་ཚང་ལྡན་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ཡོད།

བཞི་པ།  དུས་རབས་གསར་པའི་རླབས་ཆེན་གྱི་འཕེལ་རིམ་ཁྲོད་དུ། ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ལ་དུས་རབས21པའི་ཀྲུང་གོ་རུ་གསོན་ཤུགས་གསར་བ་རབ་ཏུ་རྒྱས་ཡོད།   ཀྲུང་གོའི་འཕེལ་རྒྱས་ལ་གྲུབ་འབྲས་ཐོབ་པའི་ལག་ལེན་ཐོག་ནས་མར་ཁེ་སིའི་རིང་ལུགས་ཀྱི་བདེན་དོན་གྱི་སྟོབས་ཤུགས་མངོན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གསོན་ཤུགས་ཆེན་པོ་མངོན་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མིའི་རིགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པར་གདམ་ག་གསར་པ་འདོན་སྤྲོད་བྱས་ཡོད།  ང་ཚོས་ཡིད་ལ་གནམ་འོག་འཆང་བ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་སོགས་ཀྱི་གྲོས་གཞི་གལ་ཆེན་འདོན་པ་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་འདོན་པ། རྒྱལ་སྤྱིའི་སྒྲིག་ལམ་གྱི་ལྟ་བ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་ལྟ་བ། ཡང་དག་པའི་འོས་འགན་དང་ཁེ་ཕན་གྱི་ལྟ་བ། བདེ་འཇགས་ཀྱི་ལྟ་བ་གསར་པ་འདོན་པ་བཅས་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་བའི་འཕེལ་རྒྱས་མཉམ་སྐྲུན་བྱེད་པར་སྐུལ་འདེད་བཏང་ཞིང་། འགན་འཁུར་བའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་ཁུར་ལེན་མངོན་པར་བྱས་ནས། མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་གནད་དོན་ཐག་གཅོད་བྱེད་པར་ཀྲུང་གོའི་བློ་གྲོས་དང་། ཀྲུང་གོའི་ཇུས་གཞི། ཀྲུང་གོའི་སྟོབས་ཤུགས་བཅས་སྔར་ལས་མང་ཞིང་ལེགས་པ་འདོན་སྤྲོད་བྱས་པ་དང་། མིའི་རིགས་ཞི་བདེ་དང་འཕེལ་རྒྱས་ཡོང་བའི་བླ་ན་མེད་པའི་བྱ་གཞག་གི་ཆེད་དུ་བྱས་རྗེས་གསར་པ་སྔར་ལས་ཆེན་པོ་བཞག་ཡོད།

མདོར་ན། ལོ་བཅུའི་རིང་གི་རླབས་ཆེན་གྱི་གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པར། ཏང་དང་མི་དམངས་ཀྱིས་མཉམ་དུ་འབད་བརྩོན་དང་། ལས་སྒྲུབ། འབད་འཐབ་བཅས་བྱས་པ་ལས་བྱུང་བ་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་གི་རྣམ་པ་དང་། ཀྲུང་གོ་མི་དམངས་ཀྱི་རྣམ་པ། སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོའི་རྣམ་པ། ཀྲུང་ཧྭ་མི་རིགས་ཀྱི་རྣམ་པ་བཅས་ལ་འགྱུར་ལྡོག་གསར་བ་བྱུང་ཡོད། དུས་རབས་གསར་པའི་ལོ་ངོ་བཅུ་ཡི་རླབས་ཆེན་འཕོ་འགྱུར་གྱིས་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་བའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་ཐོག་ཏུ་ངོ་མཚར་ཆེ་བའི་ལེའུ་གསར་པ་བརྩམས་ཡོད།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།