སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་ཚུན་དུ་རང་རེའི་ཏང་གིས་རིགས་པའི་གཞུང་ལུགས་འཚོལ་ཞིབ་དང་གསར་གཏོད་བྱེད་ཕོད་པར་བྱས་ཏེ། རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པའི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཅིག་བསྡུས་ཀྱིས་མཚོན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་བཏོན་པའི“ཁ་གསལ་བཅུ”དང་“རྒྱུན་འཁྱོངས་བཅུ་བཞི” “ཕྱོགས་བཅུ་གསུམ་གྱི་གྲུབ་འབྲས”བཅས་ཀྱི་ཐོག་ནས་དགོངས་པ་དེའི་ནང་དོན་གཙོ་བོ་སྙིང་བསྡུས་བྱས་ཡོད་པས་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་དང་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ཤེས་རྟོགས་ཏན་ཏིག་བྱས་ནས་སྔོན་ལ་དེའི་ནང་དོན་གཙོ་བོ་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ་གོ་བ་གནད་དུ་འཁེལ་བ་ལེན་དགོས།
དང་པོ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སྲོག་ཤིང་ལྟ་བ་གཏིང་ཟབ་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་དགོས། དགོངས་པ་གལ་ཆེན་འདི་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་། བཅོས་སྒྱུར་འཕེལ་རྒྱས་བརྟན་ལྷིང་དང་ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་བཅས་ཀྱི་ཁྱབ་ཁོངས་སོ་སོར་ཁྱབ་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང“ཁ་གསལ་བརྒྱད”ཀྱི་ཐོག་ནས་དགོངས་པ་གལ་ཆེན་དེའི་ནང་དོན་གཙོ་བོ་སྙིང་བསྡུས་བྱས་ཡོད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་གྲོས་ཆོད་དེ“ཁ་གསལ་བཅུར”རྒྱ་སྐྱེད་བཏང་བ་མ་ཟད། ཞིབ་ཕྲའི་ནང་དོན་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་ཡོད། “ཁ་གསལ་བཅུ”ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་འདེགས་སྐྱོར་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་ཐོག་བརྩེགས་ཁང་ཆེན་གྱི་གྲུབ་ཆ་གཙོ་བོ་དེ་ཡིན་པ་དང་། དགོངས་པ་གལ་ཆེན་དེའི་གལ་ཆེའི“གདུང་མ་བཞི་དང་ཀ་བ་བརྒྱད”ལྟ་བུར་གྱུར་ཡོད། “ཁ་གསལ་བཅུ་”ཁོང་དུ་ཆུད་པ་ཡིན་ན། དགོངས་པ་གལ་ཆེན་འདིའི་ལྟ་བ་གཙོ་བོ་དང་གཞི་རྩའི་དགོངས་དོན་ཁོང་དུ་ཆུད་པ་རེད། “ཁ་གསལ་བཅུའི”གོ་བ་གཏིང་ཟབ་ལེན་རྒྱུ་དེ“ཕྱོགས་བཅུ་གསུམ་གྱི་གྲུབ་འབྲས”དང་ཟུང་འབྲེལ་བྱེད་དགོས། “ཕྱོགས་བཅུ་གསུམ་གྱི་གྲུབ་འབྲས”ཞེས་པས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་དང་། གྲུབ་འབྲས་དང་ཉམས་མྱོང་བཅས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་པ་དེ་ནི། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་ཁྲིད་གྱི་གྲུབ་འབྲས་ཡིན་ལ་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་རབ་དང་རིམ་པར་བརྟེན་ནས་དགོངས་པ་གལ་ཆེན་དེ་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་བ་ཞིག་ཀྱང་རེད། “ཕྱོགས་བཅུ་གསུམ་གྱི་གྲུབ་འབྲས”ལ་གོ་བ་གཏིང་ཟབ་བླངས་ཚེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་སྔར་ལས་ཕྱོགས་ཡོངས་དང་གནད་ལ་འཁེལ་བ། གཏིང་ཟབ་པ་བཅས་ཀྱི་སྒོ་ནས་ཁོང་དུ་ཆུད་ཐུབ།
གཉིས་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བྱ་སྤྱོད་ཀྱི་རྩ་འཛིན་གཏིང་ཟབ་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་དགོས། བསམ་བློ་གལ་ཆེན་འདིར་རིགས་པའི་གཞུང་ལུགས་ཐད་འདེགས་སྐྱོར་བརྟན་པོ་ཡོད་པར་མ་ཟད། ལག་ལེན་གྱི་སྟེང་དུ་ཚན་རིག་དང་མཐུན་པའི་བཀོད་སྒྲིག་དང་རྩེ་རིམ་ཇུས་འགོད་ཀྱང་ཡོད། དེ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལས་བཏོན་པའི“རྒྱུན་འཁྱོངས་བཅུ་བཞི”ཡིན། དེའི་ཁྲོད་ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱེད་རྒྱུ་དང་། མི་དམངས་ལྟེ་བར་འཛིན་པ་དང་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱེད་པ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་ཁྲོད་དུ་དམངས་འཚོ་འགན་ལེན་དང་ཇེ་ལེགས་སུ་གཏོང་བ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་རྒྱུན་འཁྱོངས་བྱེད་པ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་པ། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་ཡོད། ། “རྒྱུན་འཁྱོངས་བཅུ་བཞི”ནི་དུས་རབས་གསར་པའི་རང་རེའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་བྱེད་ཕྱོགས་དང་རྩ་དོན་གལ་ཆེན་ལ་ཚད་མཐོའི་གཅིག་བསྡུས་དང་ཚན་རིག་དང་མཐུན་པར་སྙིང་བསྡུས་བྱས་པ་ཞིག་རེད། དུས་སྐབས་མི་འདྲ་བར་ཆགས་པའི་ང་ཚོའི་ཏང་གི་གཞི་རྩའི་རྩ་འཛིན་དང་གཞི་རྩའི་ཉམས་མྱོང་། གཞི་རྩའི་བླང་བྱ་བཅས་སྡེབ་སྒྲིག་དང་འཕེལ་རྒྱས་སུ་བཏང་ཡོད་ཅིང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་དང་དགོངས་པ་གལ་ཆེན་འདི་དོན་འཁྱོལ་བྱེད་པའི་ལག་ལེན་གྱི་བླང་བྱ་ཡིན་པས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་གཞི་རྩའི་ཇུས་གཞི་ཆེན་པོ་གྲུབ་ཡོད།
གསུམ་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་མ་ལག་གཏིང་ཟབ་པར་ཁོང་དུ་ཆུད་པར་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མར་ཁེ་སིའི་རིང་ལུགས་ཀྱི་མཚན་ཉིད་རིག་པ་དང་ཆབ་སྲིད་དཔལ་འབྱོར་རིག་པ། ཚན་རིག་སྤྱི་ཚོགས་རིང་ལུགས་བཅས་ལ་འབྲེལ་མཐུད་བྱེད་བཞིན་ཡོད་པ་དང་། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་སུ་གཏོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་བསམ་གཞིག་ཟབ་མོ་དང་ཚན་རིག་དང་མཐུན་པར་བརྡར་ཤ་བཅད་ནས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གང་འདྲ་ཞིག་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཇི་ལྟར་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་གང་འདྲ་ཞིག་འཛུགས་སྐྲུན་བྱེད་རྒྱུ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཅིག་ཇི་ལྟར་འཛུགས་སྐྲུན་བྱེད་རྒྱུ། ཡུན་རིང་སྲིད་སྐྱོང་བའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གང་འདྲ་ཞིག་འཛུགས་སྐྲུན་བྱེད་རྒྱུ་དང་། ཡུན་རིང་སྲིད་སྐྱོང་བའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ཇི་ལྟར་འཛུགས་སྐྲུན་བྱེད་རྒྱུ་སོགས་ཀྱི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་དག་ནི་མཐོང་རྒྱ་གསར་རྐྱང་གི་ཐོག་ནས་གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་གཏིང་ཟབ་བྱུང་ཡོད། “ཁ་གསལ་བཅུ”དང“རྒྱུན་འཁྱོངས་བཅུ་བཞི།” “ཕྱོགས་བཅུ་གསུམ་གྱི་གྲུབ་འབྲས”བཅས་ཕན་ཚུན་རམ་འདེགས་དང་ཕན་ཚུན་འབྲེལ་མཐུད་བྱས་ནས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་སྤྱིའི་དམིགས་འབེན་དང་སྤྱིའི་ལས་འགན། སྤྱི་ཡོངས་ཀྱི་གནས་སྟངས། འཐབ་ཇུས་ཀྱི་བཀོད་པ་དང་འཕེལ་རྒྱས་གཏོང་ཕྱོགས། འཕེལ་རྒྱས་གཏོང་སྟངས། འཕེལ་རྒྱས་ཀྱི་སྒུལ་ཤུགས། འཐབ་ཇུས་ཀྱི་གོ་རིམ། ཕྱིའི་ཆ་རྐྱེན། ཆབ་སྲིད་ཀྱི་འགན་ལེན་སོགས་གཞི་རྩའི་གནད་དོན་ཁ་གསལ་བཟོས་པས། རྒྱུད་རིམ་ཆ་ཚང་དང་གཏན་ཚིགས་དམ་ཚགས། ནང་དོན་ཕུན་སུམ་ཚོགས་པ། ནང་གནས་གཅིག་གྱུར་བཅས་ཀྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་གྲུབ་ཡོད།
དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ནང་དོན་གཙོ་བོ་སློབ་སྦྱོང་དང་གོ་བ་ལེན་པ། ངེས་པར་དུ“ཁ་གསལ་བཅུ་གསུམ”དང“རྒྱུན་འཁྱོངས་བཅུ་བཞི” “ཕྱོགས་བཅུ་གསུམ་གྱི་གྲུབ་འབྲས”བཅས་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་དང་འབྲེལ་མཐུད་བྱས་ནས་དེའི་གཞི་རྩའི་ལྟ་བ་དང་དོན་སྙིང་གཙོ་བོ། ཚན་རིག་མ་ལག རྩ་བའི་བླང་བྱ་བཅས་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པའི་བསམ་བློའི་བརྗིད་ཆེའི་ནུས་པ་དང་ལག་ལེན་གྱི་བརྗིད་ཆེའི་སྟོབས་ཤུགས་མྱོང་ཚོར་གཏིང་ཟབ་ཐུབ་པ་བྱས་ནས། ལག་བསྟར་དོན་འཁྱོལ་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་རྒྱུན་མི་ཆད་པར་ཆེ་རུ་གཏོང་དགོས།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།