རྒྱལ་ཡོངས་ས་གནས་ཁག་གི་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཅང་ཙེ་མེན་ལ་སྐྱོ་གདུང་ཆེན་པོས་མྱ་ངན་ཞུས།
ཟླ11ཚེས30ཉིན་གྱི་ཕྱི་དྲོར། དགའ་ཞིང་གུས་པའི་བློ་མཐུན་ཅང་ཙེ་མེན་སྐུ་གཤེགས་པའི་གཏམ་ངན་དེ་འབྲི་ཆུའི་ལྷོ་བྱང་དང་ལྕགས་རི་རིང་པོའི་ཕྱི་ནང་ཀུན་ཏུ་ཁྱབ་པས་ཀྲུང་ཧྭའི་ས་གཞི་ཆེན་མོར་སྐྱོ་གདུང་ཆེན་ཆེན་པོས་ཀུན་ནས་གཡོགས། རྒྱལ་ཡོངས་ས་གནས་ཁག་གི་རིགས་སོ་སོའི་མི་དམངས་ཀྱིས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ལ་ཕུལ་བའི་ཡི་གེར་ཉན་ཞིང་བལྟས་ཏེ། བྱེད་སྟངས་སྣ་ཚོགས་ཀྱི་སྒོ་ནས་རང་རེའི་ཏང་དང་རང་རེའི་དམག་དཔུང་། རང་རྒྱལ་གྱི་རིགས་སོ་སོའི་མི་དམངས་ཀུན་གྱིས་ཁས་ལེན་པའི་བླ་ན་མེད་པའི་འགོ་ཁྲིད་པ་ཁོང་ལ་མྱ་ངན་ཞུས་པ་དང་། བློ་མཐུན་ཅང་ཙེ་མེན་གྱི་འོད་སྟོང་འབར་བའི་མཛད་རྗེས་ལ་རྗེས་དྲན་ཞུས་ཤིང་། བློ་མཐུན་ཅང་ཙེ་མེན་གྱི་རླབས་ཆེན་གྱི་དགོངས་པ་དང་བླ་ན་མེད་པའི་གཤིས་རྒྱུད་ལ་བསྔགས་བརྗོད་བྱས། ཚང་མས་མགྲིན་གཅིག་ཏུ་སྐྱོ་གདུང་སྟོབས་ཤུགས་སུ་བསྒྱུར་ནས་བློ་མཐུན་ཅང་ཙེ་མེན་གྱི་ཕུགས་འདུན་རྒྱུན་འཛིན་བྱས་ནས།བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་ལས་རང་རྟོགས་ཀྱི་སྒོ་ནས་མཐུན་སྒྲིལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པར་བསྟན།
བློ་མཐུན་ཅང་ཙེ་མེན་སྐུ་གཤེགས་པ་དེ་རང་རེའི་ཏང་དང་རང་རེའི་དམག་དཔུང་། རང་རྒྱལ་གྱི་རིགས་སོ་སོའི་མི་དམངས་བཅས་ལ་མཚོན་ན་གཞལ་དུ་མེད་པའི་གྱོང་གུད་ཞིག་རེད།
རྒྱལ་ས་པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ། ཟླ12ཚེས1ཉིན་གྱི་ཞོགས་པའི་གྲང་རླུང་གི་ཁྲོད་དུ་མི་རྣམས་ཁུ་སུམ་མེར་གཟབ་ནན་གྱིས་འགྲེང་བ་དང་། རྒྱལ་དར་སྒྲེང་ནས་དར་ཆ་ཕྱེད་ཀ་མར་ཕབ་པའི་མཛད་སྒོ་མགོ་བརྩམས།
ཚོགས་ར་ཡོངས་སུ་གཟབ་བརླིང་ལྡན་ལ་རྒྱལ་དར་སྲུང་སྐྱོབ་རུ་ཁག་འགྲོས་མཉམ་པའི་གོམ་སྟབས་ཀྱིས་སླེབས་ཤིང་རྒྱལ་དར་ལ་གུས་འདུད་ཞུ་ཞེས་བསྒྲགས་པ་དང་མཉམ་དུ། སྐར་ལྔའི་དར་དམར་དེ་རྔམ་བརྗིད་ལྡན་པའི《དྲང་ཐུལ་དམག་གི་མདུན་སྐྱོད་གླུ་དབྱངས》ཁྲོད་ཡར་བསྒྲེངས་ནས་རྩེ་མོ་ལ་སླེབས་རྗེས། སླར་ཡང་དར་ཤིང་དང་བར་ཐག་གི་སུམ་ཆའི་གཅིག་གི་ཚད་དུ་དལ་གྱིས་མར་ཕབ་པ་རེད།
གུས་པའི་ཉམས་དང་བཅས་མི་རྣམས་ཀྱི་གདོང་ལ་སྐྱོ་བས་ཁེངས།
ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ལ་ཕུལ་བའི་ཡི་གེ་ཡོངས་བསྒྲགས་བྱས་ཉིན་ནས་བཟུང་བློ་མཐུན་ཅང་ཙེ་མེན་ལ་མྱ་ངན་ཞུ་བའི་ཚོགས་ཆེན་བསྡུ་བའི་བར་དུ་པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེ་དང་ཞིན་ཧྭ་སྒོ་མོ། མི་དམངས་ཚོགས་ཁང་ཆེན་མོ། ཕྱི་འབྲེལ་པུའུ་དང་ཞང་ཀང་གི་ཀྲུང་དབྱང་མཉམ་འབྲེལ་དོན་གཅོད་ཁང་། ཨའོ་མོན་ཀྲུང་དབྱང་མཉམ་འབྲེལ་དོན་གཅོད་ཁང་། ཕྱི་རྒྱལ་དུ་བཅའ་སྡོད་བྱེད་པའི་རང་རྒྱལ་གྱི་གཞུང་ཚབ་དོན་གཅོད་ཁང་བཅས་ཀྱིས་རྒྱལ་དར་ཕྱེད་ཙམ་ཕབ་ནས་མྱ་ངན་ཞུ་རྒྱུ་རེད།
གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཆེད་དུ་མྱ་ངན་ཞུ་རུ་ཡོང་བའི་པེ་ཅིང་གྲོང་ཁྱེར་གྱི་སྡོད་དམངས་རིན་ཡུའུ་ཧི་ཡིས། བློ་མཐུན་ཅང་ཙེ་མེན་གྱིས་འགན་བཞེས་པའི་རིང་། རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་འཕེལ་རིམ་ཟིལ་རླབས་དགུང་དུ་འཕྱུར་བ་ང་ལ་མྱོང་ཚོར་ཟབ་མོ་ཡོད། བློ་མཐུན་ཅང་ཙེ་མེན་གྱིས་ཏང་ཀྲུང་དབྱང་གི་འགོ་ཁྲིད་ཐུན་མོང་གི་སྣེ་ཁྲིད་དེ། བཅོས་སྒྱུརདང་འཕེལ་རྒྱས།བརྟན་བརླིང་བཅས་ལ་སྐུལ་འདེད་གཏོང་བའི་བྱེད་ཕྱོགས་དང་སྲིད་ཇུས། གལ་ཆེའི་འཐབ་ཇུས་བཅས་རབ་དང་རིམ་པ་བཟོས་པ་དང་ལག་ལེན་དུ་བསྟར་ནས། ང་དང་འདྲ་བའི་མི་དཀྱུས་མར་མི་ཚེའི་ལས་དབང་ལ་འགྱུར་ལྡོག་གཏོང་བའི་གོ་སྐབས་གྲངས་མེད་ཐོབ་ཏུ་བཅུག་ཅེས་བཤད།
བློ་མཐུན་ཅང་ཙེ་མེན་ནི་རང་རེའི་ཏང་དང་རང་རེའི་དམག་དཔུང་། རང་རྒྱལ་གྱི་རིགས་སོ་སོའི་མི་དམངས་ཀུན་གྱིས་ཁས་ལེན་པའི་བླ་མེད་སྙན་གྲགས་ལྡན་པའི་འགོ་ཁྲིད་པ་ཞིག་ཡིན་ལ། རླབས་ཆེན་གྱི་མར་ཁེ་སི་རིང་ལུགས་པ་དང་རླབས་ཆེན་གྱི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ། ཆབ་སྲིད་པ།དམག་དོན་པ། ཕྱི་འབྲེལ་པ། ཡུན་རིང་ཉམས་སད་ཐེབས་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་གི་ཕུལ་བྱུང་འགོ་ཁྲིད་པ། ཏང་གི་རབས་གསུམ་པའི་ཀྲུང་དབྱང་འགོ་ཁྲིད་ཐུན་མོང་གི་སྲོག་ཤིང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་གསར་གཏོད་བྱེད་མཁན་གཙོ་བོ་བཅས་རེད།
ཀྲུང་དབྱང་དང་རྒྱལ་ཁབ་སྡེ་ཁག མི་དམངས་ཚོགས་པ་བཅས་ཀྱིས་ཐོག་མའི་དུས་ཚོད་ནང་བརྙན་འཕྲིན་དང་རླུང་འཕྲིན། དྲ་བ་སོགས་ཀྱི་སྟེང་ནས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ལ་ཕུལ་བའི་ཡི་གེར་ཉན་ཞིང་བལྟས་ཤིང་། ཚང་མས་བསྟན་དོན། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་མཇུག་དང་ལོ་རབས་དགུ་བཅུ་པའི་དུས་མགོ་ནི། ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ཐག་གཅོད་བྱེད་པའི་ལོ་རྒྱུས་ཀྱི་འགག་རྩ་གལ་ཆེན་ཞིག་ཡིན། བློ་མཐུན་ཅང་ཙེ་མེན་གྱིས་ཏང་གི་ཀྲུང་དབྱང་འགོ་ཁྲིད་ཐུན་མོང་གི་སྣེ་ཁྲིད་དེ། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ལ་དམ་པོར་བརྟེན་ནས་དར་ཆ་གསལ་སྟོན་གྱིས་རྩ་བའི་རྩ་དོན་བཞི་རྒྱུན་འཁྱོངས་དང་། རྒྱལ་ཁབ་ཀྱི་རང་བཙན་དང་ལ་རྒྱ། བདེ་འཇགས། བརྟན་ལྷིང་བཅས་སྲུང་སྐྱོང་བྱས་ནས་དཔལ་འབྱོར་འཛུགས་སྐྲུན་གྱི་ལྟེ་བ་འདི་གཡོ་འགུལ་སྤུ་ཙམ་ཡང་མེད་པར་རྒྱུན་འཁྱོངས་བྱས་པ་དང་། བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་སྲུང་སྐྱོང་བྱས་ནས། རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་རྣམ་པ་གསར་པ་བཏོད་པ་རེད།
ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་བར་གྱི་ལོ་ངོ་བཅུ་གསུམ་རིང་གི་ཏང་དང་རྒྱལ་ཁབ་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་དེ་ནི། བློ་མཐུན་ཅང་ཙེ་མེན་མར་ཁེ་སིའི་རིང་ལུགས་ཀྱི་ཆབ་སྲིད་པ་ཞིག་ཡིན་པའི་ཐད་ནས་སྐྱེས་ཆེན་གྱི་ཐབས་ཇུས་དང་འགག་རྩའི་ནུས་པ། ཁྱད་དུ་འཕགས་པའི་ཆབ་སྲིད་འགོ་ཁྲིད་ཀྱི་སྒྱུ་རྩལ་བཅས་དང་དབྱེ་ཐབས་མེད་པ་ཞིག་རེད།
ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་ཁང་གི་སྡེ་ཁག། ཀྲུང་དབྱང་དང་རྒྱལ་ཁབ་སྡེ་ཁག་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་དང་ལས་བཟོ་པས་བསྟན་དོན། བློ་མཐུན་ཅང་ཙེ་མེན་སྲོག་ཤིང་ཡིན་པའི་ཏང་གི་ཀྲུང་དབྱང་གི་རབས་གསུམ་པའི་འགོ་ཁྲིད་ཐུན་མོང་འོག་ཏུ། ང་ཚོས་རང་རྒྱལ་གྱི་བདག་དབང་དང་བདེ་འཇགས་ལ་འབྲེལ་བ་ཡོད་པའི་རྒྱལ་སྤྱིའི་གློ་བུར་དུ་བྱུང་བའི་དོན་རྐྱེན་རབ་དང་རིམ་པར་འཚབ་འཚུབ་མེད་པར་ཁ་གཏད་འཇལ་ཞིང་། ཆབ་སྲིད་དང་དཔལ་འབྱོར་གྱི་ཁྱབ་ཁོངས་དང་རང་བྱུང་ཁམས་བཅས་སུ་བྱུང་བའི་དཀའ་ངལ་དང་ཉེན་ཁ་ལས་རྣམ་པར་རྒྱལ་ཏེ། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གྲུ་གཟིངས་ཀྱི་ཐོག་མཐའ་བར་གསུམ་དུ་ཁ་ཕྱོགས་ཡང་དག་པ་དེད་དེ་རླབས་གཤགས་མདུན་སྐྱོད་བྱེད་པར་འགན་ལེན་བྱས་ཡོད་ཟེར།
ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་འཛུགས་པུའུ་བཅས་ཀྱི་བློ་མཐུན་རྣམས་ཀྱིས་བསྟན་དོན།བློ་མཐུན་ཅང་ཙེ་མེན་གྱི་གཟིགས་རྒྱང་རིང་ཞིང་དུས་གནས་རྟོགས་དཔྱོད་གནང་བ་དང་། ནམ་ཡིན་ཡང་ཀྲུང་གོ་དང་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ལ་དམིགས་ཏེ་གནད་དོན་ལ་ལྟ་ཞིབ་དང་ཐུགས་བསམ་གནང་བ་དང་། རིགས་པའི་གཞུང་ལུགས་གསར་གཏོད་དང་ཕྱོགས་གཞན་དག་ཐད་གསར་གཏོད་བྱེད་པར་རྒྱུན་ཆད་མེད་པར་སྐུལ་འདེད་གནང་བ་རེད་ཟེར།
ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)ལས་བྱེད་པ་དང་ལས་བཟོ་པས་བསྟན་དོན། བློ་མཐུན་ཅང་ཙེ་མེན་གྱིས་ཏང་ཡོངས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་ཏེ“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་གསར་དུ་བཏོད་པས། ཏང་གིས་མཛུབ་སྟོན་དགོངས་པའི་སྟེང་ཡང་བསྐྱར་དུས་བསྟུན་མདུན་སྐྱོད་ཐེངས་གཅིག་མངོན་འགྱུར་བྱུང་བ་དང་། མར་ཁེ་སིའི་རིང་ལུགས་པ་ངོ་མ་ཞིག་གི་ཆབ་སྲིད་ཀྱི་བློ་སྟོབས་དང་རིགས་པའི་གཞུང་ལུགས་ཀྱི་བློ་སྟོབས་ཆེན་པོ་མཚོན་ཡོད་ཟེར།
རྒྱལ་ཡོངས་དམངས་ཆེན་སྡེ་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་བསྟན་དོན། བློ་མཐུན་ཅང་ཙེ་མེན་སྲོག་ཤིང་ཡིན་པའི་ཏང་གི་རབས་གསུམ་པའི་ཀྲུང་དབྱང་འགོ་ཁྲིད་ཐུན་མོང་གིས་ཆབ་སྲིད་སྒྲིག་གཞི་བཅོས་སྒྱུར་དང་དམངས་གཙོ་འཕེལ་རྒྱས། ཁྲིམས་ལུགས་འཐུས་ཚང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་བཅས་ལ་སྐུལ་འདེད་བཏང་སྟེ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་དབང་ཆར་འགན་ལེན་བྱས་པ་རེད་ཟེར།
རྒྱལ་ཡོངས་སྲིད་གྲོས་སྡེ་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་བསྟན་དོན། བློ་མཐུན་ཅང་ཙེ་མེན་སྲོག་ཤིང་ཡིན་པའི་ཏང་གི་རབས་གསུམ་པའི་ཀྲུང་དབྱང་གི་འགོ་ཁྲིད་ཐུན་མོང་གིས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་དེ་ཀྲུང་གོའི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཏུ་གཏན་འཁེལ་བྱས་ནས། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་བྱས་རྗེས་ཆེན་པོ་བཞག་ཡོད་ཟེར།
བློ་མཐུན་ཅང་ཙེ་མེན་གྱི་ཕུལ་དུ་བྱུང་བའི་ཐུགས་རྒྱུད་དང་བླ་ན་མེད་པའི་གཟི་ཉམས་ཀྱིས་ང་ཚོ་མདུན་དུ་སྐྱོད་པར་ནམ་ཡང་སློབ་གསོ་དང་སྐུལ་མ་བཏང་།
དཀར་གཙང་གི་མེ་ཏོག་ཕུལ་བ་དང་སྐྱེལ་མ་ཞུ་བའི་སྨོན་འདུན་ཞུས་པ་སོགས་མི་རྣམས་རང་འགུལ་ངང་མྱ་ངན་བྱེད་སྒོར་ཞུགས་ནས་རྗེས་དྲན་གྱི་བསམ་པ་ཟབ་མོ་མཚོན་པར་བྱས།
ཅང་སུའུ་དབྱང་ཀྲིག་གི་བློ་མཐུན་ཅང་ཙེ་མེན་གྱི་བཞུགས་གནས་རྙིང་པའི་སྒོ་ཁར་མྱ་ངན་ཞུ་མཁན་གྱིས་ཕུལ་བའི་མེ་ཏོག་གིས་ཁེངས་འདུག་པ་དང་། མེ་ཏོག་འབུལ་མཁན་དེ་ཁྲོད་ཉེ་འགྲམ་གྱི་གྲོང་མི་ཡོད་པར་མ་ཟད། ད་དུང་ཐག་རིང་ནས་ཡོང་བའི་ན་གཞོན་མི་ཉུང་བ་ཞིག་ཀྱང་ཡོད།
ཆུང་ཧྭ་ཀོན་སྡེ་ཁུལ་གྱི་སྡེ་མི་ལིས་ཧྭ་ཧྲིན་གྱིས་གཟབ་ནན་ངང་མེ་ཏོག་ཚོམ་བུ་ཞིག་བློ་མཐུན་ཅང་ཙེ་མེན་གྱི་བཞུགས་གནས་རྙིང་པའི་སྒོ་མདུན་དུ་བཞག་རྗེས་བཤད་རྒྱུར། བློ་མཐུན་ཅང་ཙེ་མེན་ནི་དབྱང་ཀྲིག་གི་མི་རྣམས་ཀྱི་གཟི་བརྗིད་རེད། ཁོང་ང་ཚོ་དང་བྲལ་ཟིན་ནའང་ནམ་ཡང་ང་ཚོའི་སེམས་ཁོངས་སུ་གནས་ཡོད་པས། ཁོང་གི་སྙིང་སྟོབས་ཀྱིས་ང་ཚོར་འབད་བརྩོན་ལྷོད་མེད་བྱེད་པར་སྐུལ་ལྕག་ཐེབས་ངེས་རེད་ཟེར།
དབྱང་ཀྲིག་སློབ་ཆེན་གྱི་དགེ་རྒན་ཧོང་ཅེ་ཡིས་བཤད་རྒྱུར། བློ་མཐུན་ཅང་ཙེ་མེན་གྱིས་ཕ་ཡུལ་གྱི་འཕེལ་རྒྱས་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་གི་ཡོད། ང་ཚོས་སྔར་ལས་སྤུས་ཚད་མཐོ་བའི་སློབ་ཁྲིད་བྱེད་སྟངས་ལ་བརྟེན་ནས། སྔར་ལས་མང་པའི་ཕུལ་བྱུང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ་ཕ་ཡུལ་འཛུགས་སྐྲུན་ཡག་པོ་བྱེད་དགོས་ཞེས་བཤད།
ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ཕུལ་བའི་ཡི་གེ་ལས་བློ་མཐུན་ཅང་ཙེ་མེན་གྱི་སྐུ་ཚེ་ཧྲིལ་པོར་ཕྱོགས་ཡོངས་ནས་ཕྱིར་མིག་བལྟས་ན། ཁོང་གི་ཕུལ་བྱུང་གཤིས་རྒྱུད་དང་བླ་ན་མེད་པའི་གཟི་ཉམས་ཀྱིས་ང་ཚོར་སྔར་ལས་ཡི་རང་བྱེད་དུ་འཇུག་ཅེས་རླངས་འཁོར་བཟོ་སྐྲུན་དང་པོའི་སྡེ་ཚོགས་ཀུང་སིའི་སྔོན་གྱི་སྤྱིའི་བཟོ་འགོད་མཁན་གཞོན་པ་མའོ་ལུའུ་ཕེན་གྱིས་བློ་མཐུན་ཅང་ཙེ་མིན་དང་མཉམ་དུ་བྱ་བ་སྒྲུབ་པའི་དུས་ཚོད་བསྐྱར་དུ་དྲན་བཞིན་འདུག
བློ་མཐུན་ཅང་ཙེ་མེན་གྱིས་ཁྲང་ཁྲོན་རླངས་འཁོར་བཟོ་གྲྭ་དང་པོའི་སྒུལ་ཤུགས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་དང་སྤྱི་ཁྱབ་སྒུལ་ཤུགས་ཧྲི་གཞོན་པ། སྒུལ་ཤུགས་ཡན་ལག་བཟོ་གྲྭའི་འགོ་གཙོ་བཅས་ཀྱི་འགན་བཞེས་མྱོང་། སྐབས་དེའི་ལས་གྲོགས་རྣམས་ཀྱི་སྣང་ངོར། ཁོང་ཉིད་རྟག་ཏུ་ཡུལ་དངོས་དང་མང་ཚོགས་ཀྱི་ཁྲོད་ཟབ་ཞུགས་བྱས་ཏེ་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་ཚང་མར་རོགས་རམ་དང་རྒྱབ་སྐྱོར་བྱེད་མཁན་ཞིག་རེད།
བློ་མཐུན་ཅང་ཙེ་མེན་ང་ཚོ་དང་ཁ་བྲལ་སོང་མོད། འོན་ཀྱང་ཁོང་གིས་སྙིང་རུས་ཆེ་ཞིང་སློབ་སྦྱོང་ལ་དགའ་བ་དང་ལག་རྩལ་ལས་སྒོར་དཀའ་སྤྱད་བརྩོན་ཞིབ་བྱེད་པའི་སྙིང་སྟོབས་ལ་ནམ་ཡང་ང་ཚོས་སློབ་སྦྱོང་བྱེད་རིན་ཡོད། ཁོང་གིས་བྱང་ཤར་བཟོ་ལས་རྟེན་གཞི་རྙིང་པར་བཞག་པའི་བྱས་རྗེས་དེ་ནམ་ཡང་བློ་ལ་བརྟན་པོར་བཟུང་ནས་ལས་གྲོགས་དང་གྲོགས་པོ། མང་ཚོགས་བཅས་ལ་བཅངས་པའི་བརྩེ་སེམས་ནམ་ཡང་བརྗེད་མི་སྲིད”ཅེས་མའོ་ལུའུ་ཕེན་གྱིས་བཤད།
“བློ་མཐུན་ཅང་ཙེ་མེན་གྱིས་ལག་ལེན་དང་དུས་བསྟུན་མདུན་སྐྱོད་ལ་བརྩི་འཇོག་གནང་སྟེ། ག་དུས་ཡིན་ཡང་དུས་རབས་འཕེལ་རྒྱས་ཀྱི་འཕར་རྩ་དང་གོ་སྐབས་དམ་པོར་བཟུང་ཞིང་། ཏང་དང་མི་དམངས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་དངོས་ལ་གཞིགས་ནས་ཉམས་མྱོང་ཕྱོགས་སྡོམ་དང་ལམ་བུ་འཚོལ་ཞིབ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏན་ཏན་ཏིག་ཏིག་དང་གསར་གཏོད་ཡར་བརྩོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གནང་།”ཞེས་པའི་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ཕུལ་བའི་ཡི་གེ་ནང་གི་སྐད་ཆ་དུམ་བུ་འདིས། སྔོན་ཆད་བློ་མཐུན་ཅང་ཙེ་མེན་དང་བྱ་བ་མཉམ་སྒྲུབ་བྱེད་མཁན་མང་པོ་ཞིག་ལ་མྱོང་ཚོར་ཟབ་མོ་བྱུང་།
བློ་མཐུན་ཅང་ཙེ་མེན་གྱིས་ཝུའུ་ཧན་ཚ་ལས་འཕྲུལ་ཆས་ཞིབ་འཇུག་ཁང་དུ་ཕྱག་ལས་གནང་མྱོང་། ད་ལོ་ལོ་ན78ལ་སླེབས་པའི་ལིས་ཡུའུ་ཀྲིན་གྱིས་ཕྱིར་དྲན་ངང་བཤད་རྒྱུར། བློ་མཐུན་ཅང་ཙེ་མེན་ལ་ཆེ་ཚུགས་གང་ཡང་མེད་པར་ལས་བཟོ་བ་ཡོངས་དང་ཡུག་གཅིག་ཏུ་འབྲེལ་ཡོད། ཁོང་གིས་ད་དུང་རྒྱུན་དུ་ང་ཚོར་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་བྱ་བའི་འཇོན་ཐང་རྩེར་སོན། ཕུལ་བྱུང་རིག་གནས་ཤེས་བྱ་གསོག་འཇོག་བཅས་བྱེད་དགོས་ཞེས་སློབ་སྟོན་གནང་མྱོང་བར་མ་ཟད། ཁོང་གིས་བྱ་བའི་སྤྱོད་ཚུལ་ཏན་ཏིག་ལ་བརྟེན་ནས་ལས་བཟོ་བ་ཡོངས་ཀྱི་སྣེ་ཁྲིད་དེ་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་དང་མཐུན་སྒྲིལ་འབད་འཐབ་གནང་མྱོང་ཟེར།
“བློ་མཐུན་ཅང་ཙེ་མེན་གྱིས་མང་ཚོགས་ལ་བརྩི་འཇོག་དང་ཐུགས་ཁུར་གནང་བ་དང་། ནམ་ཡིན་ཡང་མི་དམངས་མང་ཚོགས་ཀྱི་བདེ་སྡུག་ལ་དོ་ཁུར་ཚད་མཐོན་པོ་གནང་ཞིང་། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་གཞིགས་ནས་ལས་ཀར་ཞིབ་བཤེར་དང་སྐུལ་འདེད་གནང་བ་རེད།”ཅེས་ཧེ་ལུང་ཅང་ཆི་ཆི་ཧ་ཨེར་གྲོང་ཁྱེར་ཐའེ་ལའེ་རྫོང་ཐའོ་ལིས་ཧི་སྡེ་བའི་སྡེ་མི་ཝང་ཡུའུ་མེ་ཡིས་སྐད་ཆ་འདི་ཡང་དང་བསྐྱར་དུ་བཤད་བྱུང་།
1998ལོའི་དབྱར་ཁར། རང་རྒྱལ་ལ་ལོ་རྒྱུས་ཐོག་མཐོང་དཀོན་པའི་ཆུ་ལོག་དང་ཞོད་སྐྱོན་ཚབས་ཆེན་བྱུང་། འབྲི་ཆུ་དང་ནེན་ཅང་གཙང་པོ། སུང་ཧྭ་གཙང་པོ་བཅས་ལས་ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་ཆུ་ལོག་ཆེན་པོ་བྱུང་། “སྐབས་དེར་ཆུ་ལོག་གིས་ངའི་ཁྱིམ་ལ་གཏོར་སྐྱོན་ཕོག་ཡོད། དཀའ་ངལ་ཆེ་ཤོས་ཀྱི་དུས་སུ་བློ་མཐུན་ཅང་ཙེ་མེན་ང་ཚོ་གནོད་འཚེ་ཕོག་པའི་མང་ཚོགས་ལ་ལྟ་རུ་ཕེབས་པར་མ་ཟད། ད་དུང་ང་ལ་ལག་འཇུ་བྱས་བྱུང་།སྐབས་དེའི་དྲོད་སྐྱིད་ཀྱི་སེམས་ཚོར་དེ་ངས་ཚེ་གང་བོར་བརྗེད་ཐབས་མེད། ད་ལྟའི་བར་དུ་ལོ24ཡི་དུས་ཚོད་འདས་ཟིན་ལ་ངའི་བྱིས་པ་ཚོ་ཡང་ཁྱིམ་གཞིས་ཆགས་ནས་འཚོ་བ་ཇི་ཙམ་སྐྱེལ་བ་དེ་ཙམ་གྱིས་ཇེ་ལེགས་སུ་འགྲོ་བཞིན་ཡོད་པས་ང་ཚོས་ནམ་ཡང་ཁོང་ཉིད་དྲན་བཞིན་ཡོད།”ཅེས་ཝང་ཡུའུ་ཡེ་ཡིས་དེ་ལྟར་བཤད།
གནོད་འཚེ་ཆེན་པོའི་ཉམས་སད་ཐེག་ཐུབ་པའི་གདུང་འདེགས་ཀྱི་ཀ་བ།
ཧུའུ་ནན་དང་ཧུའུ་པེ། ཅང་ཞི། ཨན་ཧུའེ་སོགས་སྐབས་དེ་དུས་ཀྱི་གནོད་འཚེ་ཕོག་པའི་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་མཐུན་ཅང་ཙེ་མེན་གྱི་ཐུགས་སེམས་མི་དམངས་ཀྱི་བདེ་སྡུག་ལ་བཅངས་ཤིང་། སྐུ་ངོ་མས་ཆུ་ལོག་འགོག་པའི་འཐབ་རྩོད་ལ་བཀོད་འདོམས་གནང་བའི་མི་སེམས་འགུལ་བའི་གནས་ཚུལ་དེ་དག་ཡིད་ལ་ཡང་ཡང་འཁོར་བཞིན་ཡོད།
སྐབས་དེའི་ཧུའུ་པེ་ཅིན་ཀྲིག་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ལིག་ཁུག་ཡེ་ཡིས་ད་ལྟའང་ད་དུང་ཡིད་ལ་གསལ་བོར་དྲན་པ་ནི། ཆུ་ལོག་གི་ཉེན་ཁའི་དུས་སུ་བློ་མཐུན་ཅང་ཙེ་མེན་གྱིས་ཉེན་ཁར་མི་འཛེམ་པར་ཆུ་རགས་ཆེན་པོའི་སྟེང་འགོས་ནས་དམག་འཐབ་ལ་བཀོད་འདོམས་གནང་སྟེ། གཡུལ་སའི་དམག་དམངས་ཀྱིས་ཆུ་ལོག་ལ་འགོག་རྒོལ་བྱེད་པར་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་བསྣན་ནས། ཚང་མར་སྔ་མོ་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པའི་ཡིད་ཆེས་ཇེ་བརྟན་དུ་བཏང་བ་དེ་རེད། “ལོ་རྒྱུས་ཀྱིས་ཁོང་གི་རླབས་ཆེན་མཛད་རྗེས་དེ་ནམ་ཡང་བརྗེད་མི་སྲིད”ཅེས་ལིག་ཁུག་ཡེ་ཡིས་དེ་ལྟར་བཤད།
ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་ཐམས་ཅད་མི་དམངས་ལ་བརྟེན་དགོས། 1999ལོའི་ཟླ6པར་བློ་མཐུན་ཅང་ཙེ་མེན་གྱིས་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་འཕེལ་རྒྱས་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་གོ་སྐབས་འཛོམས་ཡོད་ཅེས་གསུངས། ལོ་དེར་ཀྲུང་གུང་སྐབས་བཅོ་ལྔ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་ནུབ་རྒྱུད་གསར་སྤེལ་ཆེན་མོའི་འཐབ་ཇུས་དངོས་སུ་བཏོན་པ་རེད།
ལྷོ་ནུབ་ནོར་སྲིད་དཔལ་འབྱོར་སློབ་ཆེན་ཀྲུང་གོའི་ནུབ་རྒྱུད་དཔལ་འབྱོར་ཞིབ་འཇུག་གླིང་གི་གླིང་གཙོ་མའོ་ཀྲུང་ཀིན་གྱིས་བཤད་རྒྱུར། ནུབ་རྒྱུད་གསལ་སྤེལ་ཆེན་མོའི་འཐབ་ཇུས་ལས། ནུབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་བ་དང་དམངས་འཚོ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་སོང་ནས། མི་དམངས་མང་ཚོགས་རྣམས་རྒྱལ་ཡོངས་ཀྱི་མི་དམངས་དང་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་བདེ་སྐྱིད་ཀྱི་ལམ་བུའི་སྟེང་སྐྱོད་ཐུབ་པར་གྱུར་བས་མི་དམངས་ཀྱིས་ནམ་ཡང་བློ་མཐུན་ཅང་ཙེ་མེན་བརྗེད་མི་སྲིད་ཟེར།
ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་བློ་མཐུན་ཚོས་བསྟན་དོན། བློ་མཐུན་ཅང་ཙེ་མེན་གྱིས་ཏང་གི་ཀྲུང་དབྱང་འགོ་ཁྲིད་ཐུན་མོང་གི་སྣེ་ཁྲིད་དེ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་ཇུས་གཞི་ཆེན་མོ་ལག་བསྟར་དང་། ཏང་འཛུགས་སྐྲུན་བྱེད་པའི་རླབས་ཆེན་བཟོ་སྐྲུན་ལ་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་དང་ཆབ་སྲིད་ཀྱི་དཔལ་ཡོན། བསམ་པའི་དཔལ་ཡོན་བཅས་འཛུགས་སྐྲུན་བྱེད་པར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་ཉེར་གཅིག་པའི་ཕྱོགས་སུ་སྐྱོད་པར་བདེ་བླག་ངང་སྐུལ་འདེད་བཏང་ཡོད་ཟེར།
སྐྱོ་གདུང་སྟོབས་ཤུགས་སུ་བསྒྱུར་ནས་བློ་མཐུན་ཅང་ཙེ་མེན་གྱི་ཕུགས་འདུན་རྒྱུན་འཛིན་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ང་ཚོས་ཁོང་ལ་མྱ་ངན་ཞུ།
ནང་སོག་ཞི་ལིན་ཀུའོ་ལིག་མིན་གི་སུའུ་ཉི་ཐིག་ཡིག་ཆུའུ་རུ། ཝུའུ་ལན་མུའུ་ཆིའི་རུ་མི་ཚོ་ཝུའུ་ལན་མུའུ་ཆི་འགྲེམས་སྟོན་ཁང་དུ་སོང་ནས་བློ་མཐུན་ཅང་ཙེ་མེན་གྱི་སྐུ་པར་མདུན་དུ་འགྲེང་ནས་མྱ་ངན་ཞུས། རུ་དཔོན་ཀྲ་ན་ཡིས་བཤད་རྒྱུར། “བློ་མཐུན་ཅང་ཙེ་མེན་གྱིས་སྔོན་ཆད་ནས་བཟུང་ཝུའུ་ལན་མུའུ་ཆི་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་བ་དང་།ང་ཚོར་ཡང་དག་པའི་རིག་རྩལ་ཁ་ཕྱོགས་རྒྱུན་འཁྱོངས་ཀྱིས་མི་དམངས་ལ་ཞབས་འདེགས་སྔར་ལས་ལེགས་པོ་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་སྔར་ལས་ལེགས་པོ་ཞུ་དགོས་པའི་མངགས་བཅོལ་གནང་ཡོད། ང་ཚོས་ངེས་པར་དུ་རྩ་ཆེའི་བརྩེ་སེམས་དེ་བློ་ལ་བརྟན་པོར་བཅངས་ནས་མི་དམངས་མང་ཚོགས་ལ་ཏང་གི་གསུང་སྐད་དང་ཐུགས་ཁུར་བརྒྱུད་སྤྲོད་བྱེད་པ་དང་། ནམ་ཡང་རྩྭ་ཐང་གི‘གསར་བརྗེའི་རིག་རྩལ་རྟ་དམག་ཆུང་ངུ’བྱེད་དགོས”ཞེས་བཤད།
ཞིན་ཅང་ཝུའུ་ལུའུ་མུའུ་ཆི་རུ་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་ཟ་ཁང་ཞིག་གཉེར་བཞིན་པའི་ཨའེ་ཉི་ཝར·ཐུའུ་འར་ཏིས་བཤད་རྒྱུར། “ང་ཚོས་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཅིག་འཛུགས་སྐྲུན་བྱས་ཏེ།བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས”ཞེས་བཤད།
ལེ་དབར་སྟོང་གི་ཕྱི་རོལ་དང་ཤར་གྱི་རྒྱ་མཚོའི་འགྲམ་དུ། བློ་མཐུན་ཅང་ཙེ་མེན་གྱིས་བརྟག་དཔྱད་ཞིབ་འཇུག་དང་རྟོག་ཞིབ་ཐེངས་མང་གནང་མྱོང་བའི་ཞ་མོན་དཔལ་འབྱོར་དམིགས་བསལ་ཁུལ་དུ། ཞ་མོན་གྲོང་ཁྱེར་འགྲིམ་འགྲུལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པའི་འགན་ཁུར་མྱོང་བའི་ཕན་ཧྲི་ཅན་མཚན་གང་པོར་གཉིད་མ་ཁུག ཁོས་བཤད་རྒྱུར། “བཅོས་སྒྱུར་སྒོ་འབྱེད་ཀྱི་མདུན་ཕྱོགས་གཡུལ་ས་ཞིག་ཡིན་པའི་ཆ་ནས།ང་ཚོར་བློ་མཐུན་ཅང་ཙེ་མེན་གྱི་ཐུགས་ཁུར་གྱིས་ཞ་མོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་ཚོར་བྱུང་། བློ་མཐུན་ཅང་ཙེ་མེན་གྱིས་ཏང་གི་ཀྲུང་དབྱང་འགོ་ཁྲིད་ཐུན་མོང་གི་སྣེ་ཁྲིད་དེ་རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་བཏོད་པ་རེད། ང་ཚོས་བློ་མཐུན་ཅང་ཙེ་མེན་གྱི་ཐུགས་རེ་སྟོང་ཟད་དུ་གཏན་ནས་མི་གཏོང་བར། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པར་འབད་འཐབ་བྱེད་རྒྱུ་ཡིན་”ཞེས་བཤད།
ཀོང་ཏུང་དང་ཀྲེ་ཅང་། ཧའེ་ནན། ཧྲང་ཧའེ་སོགས་སུ་མི་རྣམས་ཀྱིས་བློ་མཐུན་ཅང་ཙེ་མེན་གྱིས་བློ་ཐག་ཆོད་པོས་དཔལ་འབྱོར་སྒྲིག་གཞི་བཅོས་སྒྱུར་དང་ཆབ་སྲིད་སྒྲིག་གཞི་བཅོས་སྒྱུར། རིག་གནས་སྒྲིག་གཞི་བཅོས་སྒྱུར། ཕྱོགས་གཞན་དག་གི་བཅོས་སྒྱུར་བཅས་ལ་སྐུལ་འདེད་བཏང་ནས་བཅོས་སྒྱུར་སྒོ་འབྱེད་ཀྱི་རྣམ་པ་གསར་པ་འོད་སྟོང་འཕྲོ་བའི་བྱས་རྗེས་བཞག་པར་ཕྱི་མིག་ལྟ་བཞིན་ཡོད།
ཧའེ་ནན་དགེ་འོས་སློབ་ཆེན་ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཚོང་དོན་གྲུ་ཁ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ལིག་ཧྥུན་གྱིས་བཤད་རྒྱུར། “བློ་མཐུན་ཅང་ཙེ་མེན་གྱིས་ཧའེ་ནན་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་སྐྲུན་བྱེད་པར་ཐུགས་ཁུར་དང་རྒྱབ་སྐྱོར་གང་ལེགས་གནང་པ་ལས། ཧའེ་ནན་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་དཔལ་འབྱོར་དམིགས་བསལ་ཁུལ་ཆེ་ཤོས་འཛུགས་སྐྲུན་བྱེད་པའི་གདིང་ཤུགས་དང་ཡིད་ཆེས་ཇེ་བརྟན་དུ་ཕྱིན་པ་དང་། ཧའེ་ནན་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་ཁོག་ཆེན་པོས་ཚོད་ལྟ་བྱེད་ཕོད་པ་དང་སྔོན་ལ་དཔའ་ངར་ཆེན་པོས་འབད་འཐབ་བྱེད་པའི་སྙིང་སྟོབས་འཕེལ་བར་བརྟེན། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་སྟེང་མུ་མཐུད་དུ་བློ་བརྟན་འགྱུར་མེད་གྱིས་མདུན་དུ་སྐྱོད་ནས་ཁོང་གི་མངགས་བཅོལ་དང་རེ་སྒུག་ཆུད་ཟོས་སུ་མི་གཏོང་བར་བྱེད་རྒྱུ་ཡིན”ཞེས་བཤད།
ཀོང་ཏུང་གི་ཧྲན་ཐིག་ཏུ་བློ་མཐུན་ཅང་ཙེ་མེན་གྱིས་མཚན་འཁོད་པའི་མཚོ་ཁུག་ཟམ་ཆེན་སྟེང་རླངས་འཁོར་སྣ་ཚོགས་ཕར་འོང་ཚུར་འོང་བྱེད་བཞིན་མཆིས། ད་ལོའི་ཟླ་དགུ་པའི་ཟླ་མཇུག་ཏུ་མཚོ་ཁུག་ཟམ་ཆེན་དང་ཐག་མི་རིང་བའི་སར་གྱི་མཚོ་ཁུག་ཕུག་ལམ་བརྟཕལ་ནས་རླངས་འཁོར་ཤར་གཏོང་བྱེད་ཐུབ་པ་མངོན་འགྱུར་བྱུང་བ་དེས་ཉིན་མཚན་དབྱེར་མེད་ངང་འབད་འཐབ་བྱས་པ་བདེན་དཔང་བྱེད་ཐུབ།
སྔོན་ཆད་ཀྱི་ཀོང་ཏུང་ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་གཞོན་པ་ཁྲིན་ཁའེ་ཀྲི་ཡིས་བཤད་རྒྱུར། “ཀོང་ཏུང་གི་འཕེལ་རྒྱས་དང་འགྱུར་ལྡོག་དེ་བློ་མཐུན་ཅང་ཙེ་མེན་གྱི་ཐུགས་ཁུར་དང་ཁ་བྲལ་ཐབས་ལ།བཅོས་སྒྱུར་སྒོ་འབྱེད་ཀྱི་ཁྲིད་སྟོན་དང་ཁ་འབྲལ་ཐབས་མེད།” ང་ཚོས་ངེས་པར་དུ་བློ་མཐུན་ཅང་ཙེ་མེན་གྱིས་མར་ཁེ་སིའི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་ལ་བརྟེན་ནས་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱེད་པའི་ཚན་རིག་དང་མཐུན་པའི་རྣམ་འགྱུར་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་ཧུར་ཐག་གིས་སློབ་སྦྱོང་བྱས་ཏེ། རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱེད་པར་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ཞེས་བཤད།
ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བྱ་གཞག་ཁྲོད། བློ་མཐུན་ཅང་ཙེ་མེན་ཚུད་པའི་མི་རབས་ནས་མི་རབས་ཀྱི་གུང་ཁྲན་ཏང་མིའི་སེམས་ནུས་དང་འབད་འཐབ་ཀྱི་སྙིང་སྟོབས་འདུས་ཡོད།
རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་གུང་གཞོན་ཚོགས་པ་ཀྲུང་དབྱང། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པ་དང་ལས་བཟོ་བས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་རང་རྟོགས་ཀྱི་སྒོ་ནས་ངེས་པར་དུ་མཐུན་སྒྲིལ་བྱས་ནས། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་ཆེན་མོ་བཅས་རྒྱུན་འཁྱོངས་བྱས་ཏེ། “གཏན་ཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ནས། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང“ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཏང་གི་རང་ངོས་གསར་བརྗེ་ཡིས་སྤྱི་ཚོགས་ཀྱི་གསར་བརྗེ་ལ་ཁྲིད་སྟོན་བྱས་ནས། རང་རེའི་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་བརྟན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས་པར་བསྟན།
བློ་མཐུན་ཅང་ཙེ་མེན་གྱི་མ་ཡུམ་སློབ་གྲྭ་སྟེ་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་དུ། དགེ་སློབ་རྣམས་གཅིག་རྗེས་གཉིས་མཐུད་ངང་གློག་རྡུལ་ཆ་འཕྲིན་དང་གློག་རླངས་བཟོ་སྐྲུན་སློབ་གླིང་གི་སྒོ་འགྲམ་ཐང་ཆེན་དུ་ཡོང་ནས།སྟེང་དུ“སྤྱོད་བཟང་མཆོག་གྱུར”ཞེས་བྲིས་ཡོད་པའི་རྡོ་རིང་མདུན་དུ་མེ་ཏོག་ཕུལ་ནས་མྱ་ངན་ཞུས།
“སློབ་ཆེན་དུ་སློབ་སྦྱོང་བྱེད་པའི་རིང་དུ། ཧུར་ཐག་སྒོས་འཇར་འགོག་རྒྱལ་གཅེས་བྱེད་སྒོའི་ནང་ཞུགས་ཏེ་སྦྱོང་བརྡར་བྱས་པ་བརྒྱུད་སློབ་གྲོགས་རྒན་པར་མར་ཁེ་སི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་ཆགས་པ་དང་མི་ཚེའི་ལམ་བུ་བདམས་ཏེ། མཐར་མི་རིགས་བཅིངས་འགྲོལ་དང་མི་དམངས་བདེ་སྐྱིད་ཡོང་ཆེད་འབད་འཐབ་བྱེད་པའི་མི་ཚེའི་ཕུགས་བསམ་དང་དད་སེམས་གཏན་འཁེལ་བྱས་པ་རེད།”ཅེས2021ལོའི་འབུམ་རམས་པའི་ཞིབ་འཇུག་སློབ་མ་ཀྲང་ཙི་ཝུན་གྱིས་བཤད། ཏང་གི་ཚོགས་ཆེན་ཐེངས་ཐེངས་ཉི་ཤུ་པས་མདུན་སྐྱོད་ཀྱི་དུང་བརྡ་གསར་པ་བསྒྲགས་པས། ང་ཚོས་སྔར་ལས་རང་རྟོགས་ཀྱི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་པོ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་འཛུགས་སྐྲུན་གྱི་རླབས་ཆེན་སྙིང་སྟོབས་དར་སྤེལ་གཏོང་བ། ཡིད་ཆེས་བརྟན་པོ་དང་བློ་གཅིག་སེམས་གཅིག དཀའ་སྤྱད་སྙིང་རུས། དཔའ་ངར་ཆེན་པོ་བཅས་ཀྱིས་མདུན་དུ་སྐྱོད་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།