དྲི་བ་བཅུ་བ། ཀྲུང་གོ་གུང་ཁྲན་ཏང་འཇོན་དོན་ཅི་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཟང་དོན་ཅི་ཡིན་པ། མཐར་གཏུགས་ནས་བཤད་ན་མར་ཁེ་སི་རིང་ལུགས་ཀྱི་བྱ་སྤྱོད་ཡིན་པ། ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མར་ཁེ་སི་རིང་ལུགས་ཀྱི་བྱ་སྤྱོད་ཡིན་པ་བཅས་ལ་གོ་བ་ཇི་ལྟར་ལེན་དགོས་སམ།
2022.12.04 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 22

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“ལག་ལེན་གྱི་ཐོག་ནས་ང་ཚོར་ཀྲུང་གོ་གུང་ཁྲན་ཏང་འཇོན་དོན་ཅི་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཟང་དོན་ཅི་ཡིན་པ། མཐར་གཏུགས་ནས་བཤད་ན་མར་ཁེ་སི་རིང་ལུགས་ཀྱི་བྱ་སྤྱོད་ཡིན་པ། ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མར་ཁེ་སི་རིང་ལུགས་ཀྱི་བྱ་སྤྱོད་ཡིན་པ་བཅས་གསལ་བཤད་གནང་ཡོད།” ཆོད་གཏམ་གལ་ཆེན་འདིས་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་ལག་ལེན་ལ་སློབ་སྟོན་བྱེད་པའི་དོན་སྙིང་གལ་ཆེན་རྒྱས་བཤད་ཟབ་མོ་གནང་བ་དང་། “ནུས་པ”དང“སྤྱོད་པ།”“ལེགས་པོ”བཅས་ཀྱི་ནང་གནས་གཏན་ཚིགས་གསལ་སྟོན་ཟབ་མོ་གནང་ནས། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་ནང་གནས་ཀྱི་ཆོས་ཉིད་དང་ལོ་རྒྱུས་ཀྱི་ལྡོག་མེད་རང་བཞིན་གསལ་སྟོན་གནང་།

“གསར་བརྗེའི་རིགས་པའི་གཞུང་ལུགས་མེད་ན་གསར་བརྗེའི་ལས་འགུལ་ཡོད་མི་སྲིད།” ཀྲུང་གོ་གུང་ཁྲན་ཏང་ནི་རིགས་པའི་གཞུང་ལུགས་ཀྱིས་མཛུབ་སྟོན་བྱེད་པར་ཚད་མཐོའི་མཐོང་ཆེན་བྱེད་པའི་ཏང་ཞིག་ཡིན། ཉེ་རབས་ཀྱི་ཀྲུང་གོ་ཉེན་ཁ་ཆེ་ཤོས་ཀྱི་དུས་སུ། ཀྲུང་གོ་གུང་ཁྲན་ཏང་མིས་མར་ཁེ་སི་རིང་ལུགས་རྙེད་ནས། རྒྱལ་ཁབ་སྐྱོབ་པའི་བགྲོད་ལམ་འཚོལ་ཞིབ་ཧུར་ཐག་བྱེད་མཁན་ཀྲུང་གོ་མི་དམངས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་གདམ་ག་གསར་བ་ཞིག་འདོན་སྤྲོད་བྱས། ལོ་ངོ100ལྷག་གི་རིང་ལ། ཏག་ཏག་མར་ཁེ་སིའི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་ཁྲིད་སྟོན་འོག ཀྲུང་གོ་གུང་ཁྲན་ཏང་མིས་དཀའ་སྤྱད་འཚོལ་ཞིབ་བྱེད་པའི་ཁྲོད་དུ་ཀྲུང་གོའི་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེའི་བགྲོད་ལམ་ཡང་དག་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་བགྲོད་ལམ་ཡང་དག་རྙེད་པ། བཅོས་སྒྱུར་སྒོ་འབྱེད་ཀྱི་དུས་སྐབས་གསར་པའི་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་གསར་གཏོད་དང་རྒྱུན་འཁྱོངས། རྒྱ་སྐྱེད་བཅས་བྱས་པ་དང་། གནའ་བོའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་ཀྲུང་གོ་འདིར་མིའི་རིགས་ཀྱི་ལོ་རྒྱུས་སྟེང་སྔར་བྱུང་མ་མྱོང་བའི་འཕེལ་རྒྱས་ཀྱི་བྱས་རྗེས་ངོ་མཚར་ཅན་བསྐྲུན། མར་ཁེ་སི་རིང་ལུགས་ཀྱི་ལས་དབང་དེ་སྔ་མོ་ནས་ཀྲུང་གོ་གུང་ཁྲན་ཏང་གི་ལས་དབང་དང་། ཀྲུང་གོ་མི་དམངས་ཀྱི་ལས་དབང་། ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་བཅས་དང་དམ་པོར་འབྲེལ་ཡོད། དེའི་ཚན་རིག་རང་བཞིན་དང་བདེན་དོན་རང་བཞིན་ལ་ཀྲུང་གོ་རུ་ཞིབ་བཤེར་གང་ལེགས་ཐུབ་ཡོད། དེའི་མི་དམངས་རང་བཞིན་དང་ལག་ལེན་རང་བཞིན་ཀྲུང་གོ་རུ་ལག་བསྟར་གང་ལེགས་བྱས་ཡོད། དེའི་སྒོ་འབྱེད་རང་བཞིན་དང་དུས་རབས་རང་བཞིན་ཀྲུང་གོར་གང་ལེགས་ཀྱིས་མངོན་ཡོད། མར་ཁེ་སིའི་རིང་ལུགས་ནི“ངོས་འཛིན་གྱི་ལག་ཆ་རླབསཆེན”དང་། བསམ་བློའི་མཚོན་ཆ་སྟོབས་ལྡན། ང་ཚོས་ཏང་འཛུགས་པ་དང་རྒྱལ་ཁབ་འཛུགས་པ། ཏང་དར་རྒྱས་གཏོང་བའི་རྩ་བའི་སློབ་སྟོན་བསམ་བློ་བཅས་ཡིན་པ་ལོ་རྒྱུས་ཀྱིས་རྩོད་ཐབས་བྲལ་བའི་སྒོ་ནས་ར་སྤྲོད་བྱས་ཡོད། མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་ཡོད་པ་བྱ་རྒྱུ་ནི་ང་ཚོའི་ཏང་གི་དད་སེམས་ཇེ་བརྟན་དུ་གཏོང་བ་དང་ལོ་རྒྱུས་ཀྱི་རང་འགུལ་དམ་འཛིན་བྱེད་པའི་རྩ་བ་གནས་ས་དེ་རེད།

ཀྲུང་གོའི་གུང་ཁྲན་ཏང་མིས་མར་ཁེ་སིའི་རིང་ལུགས་ལ་ཡིད་ཆེས་བརྟན་པོ་བྱེད་ལ། མར་ཁེ་སིའི་རིང་ལུགས་ལ་ཚན་རིག་དང་མཐུན་པའི་སྤྱོད་ཚུལ་ཡང་བཟུང་སྟེ། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བཞིན་ཡོད། ཨིན་ཀེ་སིས“མར་ཁེ་སིའི་འཇིག་རྟེན་ལྟ་བ་ཧྲིལ་པོ་ནི་བསྟན་དོན་མིན་པར་བྱེད་ཐབས་ཤིག་རེད། དེས་འདོན་སྤྲོད་བྱས་པ་ནི་ད་ཡོད་ཀྱི་ལུང་ཚིག་ཅིག་མ་ཡིན་པར་ཞིབ་འཇུག་སྔར་ལས་ལྷག་པར་བྱེད་པའི་གཞི་འཛིན་ས་དང་ཞིབ་འཇུག་དེ་རིགས་བེད་སྤྱོད་བྱེད་པའི་ཐབས་ཤེས་ཤིག་རེད”ཅེས་ནན་གྱིས་བསྟན། ང་ཚོའི་ཏང་གིས་ལག་ལེན་ཁྲོད། མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་ཏེ། རྩོད་སྒྲུབ་དངོས་གཙོའི་རིང་ལུགས་དང་ལོ་རྒྱུས་དངོས་གཙོའི་རིང་ལུགས་སྤྱོད་རྒྱུ་རྒྱུན་འཁྱོངས་བྱས་ན། ད་གཟོད་དུས་རབས་དང་ལག་ལེན་གྱིས་བཏོན་པའི་གནད་དོན་གལ་ཆེན་ལ་ལན་ཡང་དག་འདེབས་ཐུབ་པ་དང་། ད་གཟོད་ཐོག་མཐའ་བར་གསུམ་དུ་མར་ཁེ་སིའི་རིང་ལུགས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་རྒྱུན་འཁྱོངས་བྱེད་ཐུབ། ལོ་ངོ་100ལྷག་གི་རིང་ལ། ཀྲུང་གོའི་གུང་ཁྲན་ཏང་གིས་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་རྒྱུན་འཁྱོངས་དང་། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས། ཀྲུང་གོའི་དོན་དངོས་ནས་འགོ་བརྩམས་ཏེ་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་གསལ་རྟོགས་དང་། ལོ་རྒྱུས་ཀྱི་རང་འགུལ་ཁོང་དུ་ཆུད་པ། དཀའ་སྤྱད་འཚོལ་ཞིབ་བཅས་བྱས་ཏེ་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་རྒྱུན་མི་ཆད་པར་སྐུལ་འདེད་བཏང་བ་དང་། ཀྲུང་གོའི་མི་དམངས་ཀྱིས་རླབས་ཆེན་གྱི་སྤྱི་ཚོགས་ཀྱི་གསར་བརྗེ་ལ་རྒྱུན་མི་ཆད་པར་སྐུལ་སྤེལ་གཏོང་བར་ཁྲིད་སྟོན་བྱས་ཡོད། དེང་རབས་ཀྲུང་གོའི་སྤྱི་ཚོགས་ཀྱི་རླབས་ཆེན་འཕོ་འགྱུར་ནི་རང་རྒྱལ་གྱི་ལོ་རྒྱུས་རིག་གནས་རྒྱུན་འཛིན་བྱེད་པའི་པར་གཞི་ལྟ་བུ་ཞིག་དང་། སྟབས་བདེའི་ངང་མར་ཁེ་སིའི་རིང་ལུགས་ཀྱི་གསུང་རབ་རྩོམ་པ་པོའི་བསམ་བཀོད་འདྲ་བཤུས་བྱས་པ་ཞིག་མ་ཡིན་ལ། རྒྱལ་ཁབ་གཞན་དག་གི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་བསྐྱར་པར་བྱས་པ་ཞིག་མིན་པ་དང་། ཕྱི་རྒྱལ་གྱི་དེང་རབས་ཅན་འཕེལ་རྒྱས་ལ་བསྐྱར་པར་བྱས་པ་ཞིག་ཀྱང་མ་ཡིན། ང་ཚོའི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ལག་ལེན་ནི་ཀྲུང་གོ་ཅན་དང་དུས་རབས་ཅན། མར་ཁེ་སི་རིང་ལུགས་བཅས་ཀྱི་མཛུབ་ཁྲིད་འོག་སྤེལ་བ་ཞིག་ཡིན་པ་དང་། ང་ཚོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་ཀྲུང་གོ་ཅན་དང་དུས་རབས་ཅན། མར་ཁེ་སི་རིང་ལུགས་བཅས་ཀྱི་མཛུབ་ཁྲིད་འོག་ཐོབ་པ་ཞིག་རེད།

ལག་ལེན་གྱི་སྟེང་ནས་ར་སྤྲོད་གང་ལེགས་བྱས་ཡོད་པ་ནི། ལོ་རྒྱུས་དང་མི་དམངས་ཀྱིས་མར་ཁེ་སིའི་རིང་ལུགས་བདམས་རྒྱུ་ནི་རྦད་དེ་ཡང་དག་པ་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སིའི་རིང་ལུགས་རང་ཉིད་ཀྱི་དར་ཆའི་སྟེང་བྲིས་ན་རྦད་དེ་ཡང་དག་པ་ཡིན་ཞིང་། མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་གོའི་དོན་དངོས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་ཏེ་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་རྒྱུན་མི་ཆད་པར་སྐུལ་འདེད་གཏོང་རྒྱུ་ནི་རྦད་དེ་ཡང་དག་པ་རེད། ལོ་100ལྷག་གི་རིང་ལ། མར་ཁེ་སི་རིང་ལུགས་ཀྱིས་ཀྲུང་གོར་འགྱུར་ལྡོག་ཟབ་མོ་བཏང་བ་མ་ཟད། ཀྲུང་གོས་ཀྱང་མར་ཁེ་སི་རིང་ལུགས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། ལག་ལེན་ལ་རྫོགས་མཐའ་མེད་ལ། རིགས་པའི་གཞུང་ལུགས་གསར་གཏོད་ལའང་རྫོགས་མཐའ་མེད། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་ལེའུ་གསར་པ་རྒྱུན་མི་ཆད་པར་རྩོམ་རྒྱུ་ནི་དེང་རབས་ཀྱི་ཀྲུང་གོའི་གུང་ཁྲན་ཏང་མིའི་ལོ་རྒྱུས་ཀྱི་འགན་འཁྲི་གཟི་བརྗིད་ལྡན་པ་ཞིག་རེད། ང་ཚོས་མར་ཁེ་སིའི་རིང་ལུགས་ཀྱིས་དུས་རབས་ལ་ལྟ་ཞིབ་དང་། དུས་རབས་ཁོང་དུ་ཆུད་པ། དུས་རབས་ཀྱི་སྣེ་ཁྲིད་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ན། གསོན་ཉམས་ལྡན་ཞིང་ཕུན་སུམ་ཚོགས་པའི་དེང་རབས་ཀྱི་ཀྲུང་གོའི་ལག་ལེན་ལ་བརྟེན་ནས་མར་ཁེ་སིའི་རིང་ལུགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། མཐོང་རྒྱ་ཡངས་པོར་བརྟེན་ནས་མིའི་རིགས་ཀྱིས་གསར་གཏོད་བྱས་པའི་ཕུལ་བྱུང་གི་དཔལ་ཡོན་གྲུབ་འབྲས་མཐའ་དག་བསྡུ་ལེན་དང་། བཅོས་སྒྱུར་ཁྲོད་ནས་དྲང་བདེན་གསར་སྐྲུན་དང་རང་ཉིད་ལས་རྒྱུན་ཆད་མེད་པར་སྒྲོལ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྒོ་འབྱེད་ཁྲོད་ཀུན་གྱི་ལེགས་ཆ་འཚོལ་བསྡུ་དང་། རང་ཉིད་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་རྒྱུན་མི་ཆད་པར་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ནས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན། ཡུལ་ཁམས་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་བྱེད་དགོས།


ཡིག་སྒྱུར་བ། ཤ་བོ་རིན་མཚོ།