འབད་བརྩོན་ཆེན་པོས་སྔར་ལས་བདེ་སྐྱིད་ལྡན་པའི་ཕྱོགས་སུ་བསྐྱོད།
2022.12.04 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 13

—ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་ཀི་ཅོན་ལ་བཅར་འདྲི་བྱས་པ།

“ཐེངས་འདིར་པེ་ཅིང་ནས་ཚོགས་འདུར་ཞུགས་རྗེས།‘མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཡིད་སྨོན་ནི་ང་ཚོའི་འབད་འཐབ་དམིགས་འབེན་ཡིན’ཞེས་པའི་སྐད་ཆ་དེའི་དོན་སྙིང་ལ་མྱོང་ཚོར་ཟབ་མོ་ཐུབ་བྱུང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་དངོས་སུ་བརྒྱུད་མྱོང་བའི་མི་སྣ་ཞིག་དང་བདེན་དཔང་བ་ཞིག་ཡིན་པའི་ངོས་ནས། ང་ལ་མྱོང་ཚོར་མང་པོ་བྱུང་ལ་ཚང་མར་མཉམ་སྤྱོད་ཀྱང་བྱེད་ཀྱིན་ཡོད།”

ཉིན་འདི་དག་གི་རིང་ལ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི། ཀྲུང་གོ་སྦྲག་སྲིད་སྡེ་ཚོགས་ཚད་ཡོད་ཀུང་སི་གོར་མོ་གྲོང་ཁྱེར་ཡན་ལག་ཀུང་སིའི་ལས་བཟོ་ཀི་ཅོན་གྱིས་བཤད་པའི་སྐད་ཆ་ཆེས་མང་བ་དེ་རེད།

“ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའི་ཐོབ་ཐང་ནི་ང་ལ་མཚོན་ནས་བཤད་ན། གཟི་བརྗིད་ཅིག་ཡིན་པ་མ་ཟད་འགན་འཁྲི་ཞིག་ཀྱང་རེད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་མྱ་ངམ་ཐང་དུ་རྩ་བ་ཚུགས་པ་བྱ་རྒྱུ་ནི་ངའི་ལྡོག་མེད་ཀྱི་འགན་འཁྲི་ཞིག་རེད།”

པེ་ཅིང་ནས་ཕྱིར་ལོག་བྱས་ནས་ཟླ་གཅིག་ལྷག་ཙམ་འགོར་ཞིང་། ཀི་ཅོན་ཉིན་རྒྱུན་སྒྲོག་འགྲེལ་གྱི་ལས་ཡུལ་དང་པོར་བསྐྱོད་དེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་འཁྱེར་ཡོང་བའི“གཏམ་བཟང་དུས་ཐོག་ཏུ་བརྒྱུད་སྤྲོད་བྱ་ཆེད། ཀི་ཅོན་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འབྲེལ་ཡོད་བརྙན་རིས་མཉམ་སྤྱོད་བྱེད་པའི་ནང་དོན་དང་ཟུང་འབྲེལ་བྱས་ནས། ཟིན་བྲིས་འབྲི་ཞོར་དུ་རྒྱུས་ལོན་སྔར་ལས་ཟབ་མོ་བྱེད་བཞིན་ཡོད་ལ། ཀི་ཅོན་གྱི་ཟིན་བྲིས་སྟེང་རྟགས་རྒྱག་པའི་གནད་དེ་དག་ཧ་ཅང་མངོན་གསལ་རེད།

སྒྲོག་འགྲེལ་བྱེད་ཐེངས་རེར་ཀི་ཅོན་གྱིས་ཚང་མ་དང་མཉམ་དུ་གྲོས་བསྡུར་བྱས་ནས། ཚང་མས་ཡུལ་དངོས་སུ་བཏོན་པའི་བསམ་འཆར་ལ་ཉན་རྗེས་ཕན་འབྲས་ལ་གདེང་འཇོག་བྱས་པ་བརྒྱུད། སྒྲོག་འགྲེལ་གྱི་ནང་དོན་རྒྱུན་མི་ཆད་པར་ཇེ་བཟང་དུ་བཏང་ནས། བརྗོད་བདེ་བ་དང་གོ་སླ་བ་སོགས་ཀྱི་སྒོ་ནས་སྒྲོག་འགྲེལ་བྱེད་སྟངས་ཇེ་ལེགས་སུ་བཏང་།

“ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་བསྟན་དོན། རང་བྱུང་ཁམས་ཆེན་མོ་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་ཡོང་བའི་གཞི་རྩའི་ཆ་རྐྱེན་ཞིག་རེད། རང་བྱུང་ལ་བརྩི་འཇོག་དང་རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོབ་བཅས་བྱ་དགོས། ‘ཁྲུང་ཁྲུང་གི་མཁའ་ལམ’སྤྱིར་ན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རང་བྱུང་ཐོན་ཁུངས་སྲུང་སྐྱོབ་ཁུལ་དུ་ཡོད། མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་པས་ང་ཚོས་སྦྲག་སྲིད་ཀྱི་རང་འཁྲིའི་བྱ་བ་ཡག་པོ་སྒྲུབ་པ་དང་ཆབས་ཅིག ད་དུང་ཡིག་སྐྱེལ་ལམ་རྒྱུད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱས་ནས།‘ཀྲུང་ཧྭའི་ཆུ་མཛོད’ལྟེ་བའི་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་རང་ཉིད་ཀྱིས་ཁུར་འོས་པའི་འགན་འཁྲི་འཁུར་དགོས”ཞེས་བཤད།

“སྙན་ཞུའི་ནང་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། མཁར་གྲོང་གི་རྒྱུ་རྐྱེན་གཙོ་བོའི་འཁོར་རྒྱུག་བྱེད་སྟངས་ཇེ་མགྱོགས་སུ་གཏོང་བ། ཞིང་ལས་ཀྱི་སྟོབས་ལྡན་རྒྱལ་ཁབ་མགྱོགས་མྱུར་སྒོས་བསྐྲུན་པ། ཞིང་སྡེའི་ཐོན་ལས་དང་ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས། རྩ་འཛུགས་དར་སྤེལ་བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་བསྟན་ཡོད། དེ་དག་གིས་ང་ཚོའི་བློ་སེམས་བདེ་རུ་བཅུག་ཡོད།”

མང་ཚོགས་ཀྱི་རྒྱུས་ལོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྒྲོག་འགྲེལ་གྱི་ཕན་ནུས་ཆེ་རུ་གཏོང་ཆེད། ཀི་ཅོན་གྱིས་གྲ་སྒྲིག་ཞིབ་ཚགས་བྱས་ནས“ཚོགས་ཞུགས་མྱོང་ཚོར”དང་།“ཚོགས་ཆེན་གྱི་གནས་ཚུལ་མདོར་བསྡུས།”“ཚོགས་ཆེན་གྱི་དགོངས་དོན་གཙོ་བོ”སོགས་བརྗོད་དོན་ཆེ་གྲས་གསུམ་ལ་དམིགས་ནས་ཁོས་མཐོང་ཐོས་མྱོང་གསུམ་མཉམ་སྤྱོད་བྱས་པ་མ་ཟད། སྒྲོག་འགྲེལ་ཚན་པ་ཁག་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གཙོ་གནད་མི་འདྲ་བ་བདམས་ནས་རྒྱ་སྐྱེད་བཏང་སྟེ། སྒྲོག་འགྲེལ་དེ“གཟུགས་པོར་དཔགས་ནས་གྱོན་ཆས་བཟོ་བ”ལྟ་བུ་དང་། མཐོ་ཚད་ཡོད་པ་དང་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་ཕན་འབྲས་ཐོན་ཐུབ་པར་ཁག་ཐེག་བྱས། དེ་ནི་ཁོའི་ཐུན་མོང་མ་ཡིན་པའི་སྒྲོག་འགྲེལ་གྱི་ཁྱད་ཆོས་ཞིག་རེད།

གྲོང་ཁྱེར་ཡོངས་ཀྱི་སྦྲག་སྲིད་ལས་རིགས་ཁོངས་གཏོགས་ཀྱི་ལས་བྱེད་མི་སྣ་དང་ལས་བཟོ་བར་སྒྲོག་འགྲེལ་བྱེད་སྐབས། ཀི་ཅོན་གྱིས་ངལ་རྩོལ་སྙིང་སྟོབས་དང་འབད་འཐབ་ཀྱི་སྙིང་སྟོབས། ལེགས་སྐྱེས་འབུལ་བའི་སྙིང་སྟོབས། གསར་གཏོད་ཀྱི་སྙིང་སྟོབས། ཧུར་བརྩོན་གྲོན་ཆུང་གི་སྙིང་སྟོབས་བཅས་གཙོ་གནད་དུ་བཟུང་ནས་བརྒྱུད་བསྒྲགས་བྱས་པ་དང་། ཁུལ་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྲུན་ལྟ་སྦྱོང་ཚོགས་པར་སྒྲོག་འགྲེལ་བྱེད་སྐབས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྔར་ལས་ལེགས་པ་དང་། སྔར་ལས་མགྱོགས་པ། སྔར་ལས་གཏིང་ཟབ་པ་བཅས་ཀྱི་སྒོ་ནས་གཞི་རིམ་གྱི་བྱ་བའི་ཁྲོད་ཞུགས་རྒྱུར་སྐུལ་འདེད་གཏོང་ཆེད། ཁོས་ཏང་འཛུགས་སྐྲུན་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་དང་། གཞི་རིམ་ཏང་རྩ་འཛུགས་དེ་ཏང་གི་འགོ་ཁྲིད་མངོན་འགྱུར་ནུས་ལྡན་བྱེད་པའི་སྲ་ཞིང་བརྟན་པའི་དམག་འཐབ་བཙན་རྫོང་གི་ནང་དོན་དུ་འགྱུར་བ་བྱེད་དགོས་པའི་ནན་བཤད་བྱས། གྲོང་ཁྱེར་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ལ་སྒྲོག་འགྲེལ་བྱེད་སྐབས། ཁོས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གྲུབ་ཆ་ལེགས་སྒྲིག་དང་ཇེ་ལེགས་སུ་གཏོང་རྒྱུ་དེ་འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་བསྐྲུན་རྒྱུ་དང་འབྲེལ་མཐུད་བྱས་ནས། ན་གོར་མོ་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་བསྐྲུན་རྒྱུའི་མདུན་ལམ་བཟང་པོར་རྒྱང་ལྟ་བྱེད་པ་དང་། གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ལས་བྱེད་མི་སྣ་དང་ལས་བཟོ་བར་སྒྲོག་འགྲེལ་བྱེད་སྐབས། ཁོས་སྨྱན་བྱད་ཡོངས་ཀྱི་བརྒྱུད་བསྒྲགས་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། གཙོ་རྒྱུན་གླེང་ཕྱོགས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་རྒྱ་ཁྱབ་བྱེད་པ་དང་ཟུང་འབྲེལ་བྱས་ནས། ཚང་མས་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་བའི་དུས་རབས་ཀྱི་མི་གསར་བ་ཞིག་ཏུ་འགྱུར་བ་བྱེད་དགོས་པའི་སྐུལ་ལྕག་བྱས།

ཚོགས་ཆེན་དངོས་སུ་བརྒྱུད་མྱོང་བའི་མི་ཞིག་གི་ངོས་ནས། ཀི་ཅོན་ཀྱིས་བབ་ཆགས་པ་དང་གསོན་ཉམས་དོད་པའི་དཔེ་དྲངས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་ཆུ་འགོ་ལྟ་བུ་ཞིག་ཏུ་བསྒྱུར་ནས། གྲངས་ལས་འདས་པའི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ནང་ལང་ལོང་དུ་བཞུར་པ་དང་སེམས་སུ་གསལ་བོར་འཇག་པར་བྱས་ཡོད།

“རེབ་འདིའི་སློབ་སྦྱོང་བརྗེ་རེས་ཚོགས་འདུར་ཞུགས་ནས་ང་ལ་སྐུལ་ལྕག་ཆེན་པོ་ཐེབས་བྱུང་།” གོར་མོ་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་གསར་འགོད་པ་ལི་ཧྲ་ཧྲ་ཡིས་བཤད་བརྒྱུར། ལས་གནས་ཀྱི་འགན་འཁྲིར་རྐང་བཙུགས་ནས། བསམ་བློར་སྐུལ་མ་དང་ཆབ་སྲིད་སྦྱོང་བརྡར་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ་སྟེ།“ཤུགས་སྣོན་བཞི”ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཚད་དང་མཐུན་པའི་གསར་འགྱུར་བ་ཞིག་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་མང་ཚོགས་ཀྱི་ཁྲོད་དུ་དངོས་གནས་དོན་འཁྱོལ་བྱ་རྒྱུ་ཡིན་ཟེར།

ན་གོར་མོ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ཡི་ཅུའུ་ཀྲང་ལིས་མིན་གྱིས་ཅུའུ་ཡོངས་ཀྱི་ལས་བྱེད་པར“བྱས་རྗེས་རང་ལ་འཇོག་མི་དགོས། བྱས་རྗེས་འཇོག་པར་རང་ཉིད་ངེས་པར་དུ་ཡོད་དགོས”ཞེས་པའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ནས། ནུས་ཤུགས་ཡོད་དགུའི་བྱ་བའི་སྤྱོད་ཚུལ་དར་སྤེལ་བཏང་ནས། “རྐང་འོག་གི་བྱ་བའི་བྱེད་ཐབས”ཡག་པོ་སྤྱད་དེ་མཚོ་སྔོན་དང་ཞིན་ཅང་། བོད་ལྗོངས། ན་གོར་མོ་བཅས་ཀྱི་ཚོང་འགྲུལ་ལྟེ་གནས་ཀྱི་རྣམ་གྲངས་ཡག་པོ་བསྐྲུན་ནས། ན་གོར་མོ་གྲོང་ཁྱེར་དུ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་བསྐྲུན་རྒྱུར་རྨང་གཞི་ཡག་པོ་འདིང་དགོས་པའི་འབོད་སྐུལ་བྱས་པ་རེད།

“‘རྒྱལ་སྲིད་ནི་མི་དམངས་ཡིན་པ་དང་། མི་དམངས་ནི་རྒྱལ་སྲིད་ཡིན’ཞེས་གསུངས་པ་ལྟར། སླར་ཡང་སྒྲོག་འགྲེལ་ལ་ཉན་ནས་སྐད་ཆ་དེ་ཐོས་སྐབས་ང་ལ་མྱོང་ཚོར་ཟབ་མོ་བྱུང་།”ན་གོར་མོ་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་ཡི་ཀྲུའུ་རིན་ཧན་པིན་གྱིས་བཤད་རྒྱུར། རྗེས་ཕྱོགས་ཀྱི་བྱ་བའི་ཐད་ངས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་དམ་པོར་དམིགས་ནས། ན་གོར་མོ་གྲོང་ཁྱེར་དུ་བདེ་སྐྱིད་ཁམས་བཟང་གི་རི་མོའི་ཁྲོད་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་ཟེར།

“སྦྲག་སྲིད་ཀྱི་བྱ་བ་གཉེར་ནས་ལོ་ཉི་ཤུ་ལྷག་ཙམ་སོང་བའི་རིང་། ན་གོར་མོ་གྲོང་ཁྱེར་གྱི་འགྱུར་ལྡོག་ཆེན་པོར་དངོས་སུ་བདེན་དཔང་བྱས་ཡོད། གནམ་སྔོན་པོར་གྱུར་པ་དང་། བྱེ་རླུང་ཇེ་ཉུང་དུ་གྱུར་བ། ཁོར་ཡུག་ཇེ་ཡག་ཏུ་ཕྱིན་པ། སྦྲག་སྲིད་ཞབས་ཞུའི་དྲ་ཚིགས་ཇེ་མང་དུ་སོང་ནས་ཞིང་སྡེ་ཡོངས་སུ་ཁེབས་ཡོད་པ་དང་། གྲོང་ཁྱེར་སྔར་ལས་དར་རྒྱས་ཆེན་པོ་ཕྱིན་ཡོད།” ཀི་ཅོན་གྱིས་བཤད་རྒྱུར། གཞི་རིམ་གྱི་ཏང་གི་འཐུས་མི་ཞིག་ཡིན་པའི་ངོས་ནས། ཁོས་དཔའ་ངར་ཆེར་བསྐྱེད་ཀྱི་ཉམས་འགྱུར་སྟེང་ནས་མུ་མཐུད་དུ་སྐྱོད་ལམ་གསར་པར་བསྐྱོད་དེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲོད་དུ་གླེང་ནས། ཚང་མས་ལས་སྒྲུབ་ལས་བསྐྲུན་བྱེད་པའི་ཡིད་ཆེས་དང་ངར་ཤུགས་འཕེལ་བར་བྱ་རྒྱུ་ཡིན་ཟེར།

“ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་གླེང་ཕྱོགས་དང་བསྟུན་ནས། ང་ཚོའི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པའི་ཕྱོགས་སུ་བསྐྱོད་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད”ཟེར།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།