བློ་མཐུན་ཅང་ཙེ་མེན་གྱི་ཕུལ་དུ་བྱུང་བའི་གཤིས་རྒྱུད་དང་བླ་ན་མེད་པའི་ཉམས་འགྱུར་གྱིས་ང་ཚོ་མདུན་སྐྱོད་བྱེད་པར་ནམ་ཡང་སློབ་གསོ་དང་སྐུལ་མ་ཐེབས་ངེས་རེད།
2022.12.05 ཁུངས། ཀྲུང་གོ་གུང་ཁྲན་ཏང་གསར་འགྱུར་དྲ་བ། ཀློག་གྲངས། 19

 རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་མཐུན་ཅང་ཙེ་མེན་ལ་རྗེས་དྲན་ཟབ་མོ་ཞུས།

“བློ་མཐུན་ཅང་ཙེ་མེན་ནམ་ཡང་མི་ནུབ་པར་གྱུར་ཅིག”དང“བློ་མཐུན་ཅང་ཙེ་མེན་ནམ་ཡང་ང་ཚོའི་སེམས་ཁོང་ན་གནས”ཞེས་པ་སོགས། བསྟུད་མར་ཉིན་འགའི་རིང་ལ། ཀྲུང་ཧྭའི་ས་གཞི་ཆེན་པོར་སྐྱོ་གདུང་གིས་ཁེངས་ཤིང་། རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བྱེད་ཐབས་འདྲ་མིན་སྣ་ཚོགས་སྤྱད་ནས་བློ་མཐུན་ཅང་ཙེ་མེན་ལ་རྗེས་དྲན་ཟབ་མོ་ཞུས་པ་རེད།

“བློ་མཐུན་ཅང་ཙེ་མེན་གྱི་ཕུལ་དུ་བྱུང་བའི་གཤིས་རྒྱུད་དང་བླ་ན་མེད་པའི་ཉམས་འགྱུར་གྱིས་ང་ཚོ་མདུན་སྐྱོད་བྱེད་པར་ནམ་ཡང་སློབ་གསོ་དང་སྐུལ་མ་ཐེབས་ངེས་རེད”། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀུན་སེམས་གཅིག་སྒྲིལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་རྒྱུ་ཡིན་ཞེས་བཤད།

གཟིགས་རྒྱང་རིང་ལ་དུས་གནས་རྟོགས་དཔྱོད་གནང་མཁས་པ།

ཟླ12ཚེས1ཉིན། པེ་ཅིན་གྲོང་ཁྱེར་ནུབ་འདབས་ཀྱི་གནམ་གྲུ་ཐང་དུ་རྒྱལ་དར་ཕྱེད་ཀ་མར་ཕབ་པ་དང་རྣམ་པ་གཟབ་བརླིང་ལྡན་པ་ཞིག་རེད། དུས་ཚོད15དང་སྐར་མ་55ཐོག བློ་མཐུན་ཅང་ཙེ་མེན་གྱི་སྐུ་གདུང་བཞུགས་པའི་ཆེད་གཏོང་གནམ་གྲུ་དལ་བུར་བབས་པ་དང་།  སྒྲ་གདངས་དམའ་བའི་མྱ་ངན་ཞུ་བའི་རོལ་མོའི་ཁྲོད་གུས་དམག་12ཀྱིས་བློ་མཐུན་ཅང་ཙེ་མེན་གྱི་སྐུ་གདུང་བཞུགས་པའི་གདུང་སྒམ་བཀྱགས་ནས་ཆེད་གཏོང་གནམ་གྲུ་ནས་དལ་མོར་བབས།

“ལོ་ངོ70ལྷག་གི་གསར་བརྗེའི་ལོ་རྒྱུས་ཁྲོད། ཁོང་གིས་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ལ་བློ་བརྟན་འགྱུར་མེད་དང་ཏང་དང་མི་དམངས་ལ་བློ་དཀར་སེམས་དཀར་ཚད་མེད་གནང་ནས་བློ་བརྟན་འགྱུར་མེད་ངང་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་འབད་འཐབ་གནང་ཡོད”། བློ་མཐུན་ཅང་ཙེ་མེན་གྱི་རླབས་ཆེ་ཞིང་འོད་སྟོང་འབར་བའི་སྐུ་ཚེ་ཧྲིལ་པོ་ནི་མི་རྣམས་ཀྱིས་གུས་བཀུར་དང་མྱ་ངན་ཟབ་མོ་ཞུ་འོས་པ་ཞིག་རེད།

“བློ་མཐུན་ཅང་ཙེ་མེན་གྱིས་ཐོག་མཐའ་བར་གསུམ་དུ་བཅོས་སྒྱུར་སྒོ་འབྱེད་ནི་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་ལམ་བུ་ཞིག་ཡིན་པས། བློ་བརྟན་འགྱུར་མེད་ངང་ཕྱོགས་གང་ཅིའི་ཐད་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད”།   ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པ་ཧྲེན་ཁྲོན་ལེང་གིས་བཤད་རྒྱུར། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞིའི་བཅོས་སྒྱུར་གྱི་དམིགས་འབེན་དང་གཞི་རྩའི་སྒྲོམ་གཞི་གཏན་ལ་ཕབ་པ་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་གཞི་རྩའི་ཐབས་ཇུས་ལག་བསྟར་དང་། ཁྲིམས་ལྟར་རྒྱལ་སྐྱོང་དང་རྒྱལ་ཁབ་ཚུལ་བཞིན་སྐྱོང་རྒྱུ་ཟུང་འབྲེལ་བྱེད་དགོས་ལུགས་བཏོན་པའི་བར་དང་། ཧྲང་ཧའེ་ཕུའུ་ཏུང་གསར་སྤེལ་དང་སྒོ་འབྱེད་ལ་ཧུར་ཐག་གིས་རྒྱབ་སྐྱོར་བྱས་པ་ནས་རང་རྒྱལ་འདི་ཉིད་འཛམ་གླིང་ཚོང་དོན་རྩ་འཛུགས་ལ་ཞུགས་པར་སྐུལ་འདེད་གཏོང་བ་དང“ནང་དུ་གདན་འདྲེན”དང“ཕྱིར་སྐྱོད་པའི”འཐབ་ཇུས་སོགས་བཏོན་པའི་བར་དུ། བློ་མཐུན་ཅང་ཙེ་མེན་གྱིས་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་གསུམ་ལ་སྐུལ་འདེད་གཏོང་བའི་མཛད་ཕྱོགས་སྲིད་ཇུས་དང་འཐབ་ཇུས་གལ་ཆེན་རབ་དང་རིམ་པ་གཏན་འབེབས་དང་ལག་བསྟར་གནང་བ་དང་། དཔལ་འབྱོར་སྒྲིག་གཞི་བཅོས་སྒྱུར་དང་། ཆབ་སྲིད་སྒྲིག་གཞི་བཅོས་སྒྱུར། རིག་གནས་སྒྲིག་གཞི་བཅོས་སྒྱུར།  ཕྱོགས་གཞན་དག་གི་བཅོས་སྒྱུར་བཅས་ལ་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ།  ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་ཀྱི་རྣམ་པ་གསར་པ་གསར་བཏོད་གནང་ཡོད།

“རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞིག་གི་ངོས་ནས། བློ་མཐུན་ཅང་ཙེ་མེན་གྱིས་རྒྱལ་ཁབ་སོ་སོ་དང་ལས་རིགས་སོ་སོའི་མི་སྣ་དང་མཇལ་འཛོམས་གནང་སྟེ། ཁོང་སྐུ་ངོ་མས་ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་གསལ་འགྲེལ་གནང་བ་དང་། ཀྲུང་གོ་དང་རྒྱལ་ཁབ་སོ་སོའི་བར་གྱི་ཁྱབ་ཁོངས་ཁག་དང་། རིམ་པ་ཁག  བྱེད་སྟངས་སྣ་ཚོགས་བཅས་ཀྱི་སྤེལ་རེས་ལ་སྐུལ་འདེད་ཆེན་པོ་བཏང་ནས། ཕྱི་འབྲེལ་ལས་དོན་གྱི་རྣམ་པ་གསར་པ་བཏོད་པས།  ང་ཚོར་བག་ཆགས་ཟབ་མོ་བཞག་ཡོད”ཟེར།

ཧྥུའུ་ཏན་སློབ་ཆེན་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་གི་ཡོན་ཀྲང་ཝུའུ་ཞིན་པོ་ཡིས་བཤད་རྒྱུར། ང་ཚོས་བློ་མཐུན་ཅང་ཙེ་མེན་གྱི་ཕུགས་རེ་རྒྱུན་འཛིན་བྱས་ཏེ། སྐྱོད་ལམ་གསར་པར་རྒྱལ་སྤྱི་དང་རྒྱལ་ནང་གི་སྤྱི་ཡོངས་གཉིས་ལ་སྔར་ལས་ལེགས་པའི་སྒོ་ནས་སྤྱི་འདོམས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཀྲུང་གོ་མི་དམངས་དང་རྒྱལ་ཁབ་སོ་སོའི་མི་དམངས་བར་ཕན་ཚུན་ཤེས་རྟོགས་དང་མཛའ་མཐུན་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་རྒྱལ་སྤྱིའི་བསམ་ཤེས་དང་རྒྱབ་སྐྱོར་སྔར་ལས་མང་བ་ཐོབ་ཆེད་དགེ་མཚན་ལྡན་པའི་ཕྱི་རོལ་གྱི་ཁོར་ཡུག་གསར་གཏོད་བྱེད་དགོས་ཟེར།

2006ལོར། བློ་མཐུན་ཅང་ཙེ་མེན་སྐུ་ངོ་མས《ཅང་ཙེ་མེན་གྱི་གསུང་རྩོམ་གཅེས་བཏུས》དེབ་དང་པོ་དང་། གཉིས་པ། གསུམ་པ་བཅས་རྩོམ་སྒྲིག་གཙོ་སྐྱོང་དང་ས་བཅད་རེ་རེ་བཞིན་ཞུ་དག་གཏན་འབེབས་གནང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་དང་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་འགོད་གསར་པར་མུ་མཐུད་དུ་སྐུལ་འདེད་གཏོང་ཆེད་བསླབ་གཞི་གལ་ཆེན་མཁོ་འདོན་གནང་ཡོད།

དད་སེམས་བརྟན་ལ་ལས་དོན་སྒྲུབ་སྐབས་ཐུགས་ཐག་ཆོད་པ།

བློ་མཐུན་ཅང་ཙེ་མེན་སྐུ་གཤེགས་པའི་གནས་ཚུལ་ཐོས་འཕྲལ་ལིང་ནན་མི་དམངས་ལ་སེམས་སྡུག་ཚད་མེད་སྐྱེས་ཤིང་། ས་གནས་འདིར་བློ་མཐུན་ཅང་ཙེ་མེན་གྱིས“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་ཆ་ཚང་ཐེངས་དང་པོ་བཏོན་པ་དེ་མི་རྣམས་ཀྱིས་བརྗེད་མི་སྲིད།

2000ལོའི་ཟླ2པར། བློ་མཐུན་ཅང་ཙེ་མེན་གྱིས་ཀོང་ཏུང་དུ་བྱ་བར་གཟིགས་ཞིབ་གནང་སྐབས་བསྟན་དོན། ང་ཚོའི་ཏང་ལ་མི་དམངས་ཀྱི་བརྩི་བཀུར་ཐོབ་དོན་ནི་ང་ཚོའི་ཏང་གིས་གསར་བརྗེ་དང་། འཛུགས་སྐྲུན།  བཅོས་སྒྱུར་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་རེ་རེའི་ནང་དུས་རྟག་ཏུ་ཀྲུང་གོའི་སྔོན་ཐོན་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་བླང་བྱ་དང་། ཀྲུང་གོའི་སྔོན་ཐོན་རིག་གནས་མདུན་སྐྱོད་ཀྱི་ཁ་ཕྱོགས། ཀྲུང་གོའི་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་བཅས་མཚོན་པས་རེད།

ཀོང་ཏུང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་དེ་སྔའི་སློབ་གཙོ་གཞོན་པ་ཁྲེན་ཧུང་ཡུས་ཀྱིས་བཤད་རྒྱུར། “‘མཚོན་བྱེད་གསུམ’ གྱི་དགོངས་པ་གལ་ཆེན་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་བཅས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་ཞིག་ཡིན་ཞིང་། དེ་ལས་མཛུབ་སྟོན་བསམ་བློའི་ཐད་ཏང་ལ་སླར་ཡང་དུས་བསྟུན་འཕེལ་རྒྱས་བྱུང་བ་མ་ཟད། མར་ཁེ་སི་རིང་ལུགས་པ་ངོ་མ་ཞིག་གི་ཆབ་སྲིད་ཀྱི་བློ་སྟོབས་དང་རིགས་པའི་གཞུང་ལུགས་ཀྱི་བློ་སྟོབས་ཆེན་པོའང་མཚོན་ཡོད”།      བློ་མཐུན་ཅང་ཙེ་མེན་གྱིས་གསར་དུ་བཏོད་པའི“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་ནི་ཏང་དང་མི་དམངས་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་ཟེར།

བློ་མཐུན་ཅང་ཙེ་མེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་ཐུན་མོང་མི་རབས་གསུམ་པའི་འགོ་ཁྲིད་འོག  ང་ཚོས་རང་རྒྱལ་གྱི་བདག་དབང་དང་བདེ་འཇགས་དང་འབྲེལ་བ་ཡོད་པའི་རྒྱལ་སྤྱིའི་ཐོལ་བྱུང་དོན་རྐྱེན་རབ་དང་རིམ་པར་འཚབ་འཚུབ་མེད་པར་ཁ་གཏད་འཇལ་ཡོད་ལ། ཆབ་སྲིད་དང་། དཔལ་འབྱོར་གྱི་ཁྱབ་ཁོངས། རང་བྱུང་ཁམས་བཅས་སུ་བྱུང་བའི་དཀའ་ངལ་དང་ཉེན་ཁ་ལས་རྣམ་པར་རྒྱལ་ཏེ།  བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གྲུ་གཟིངས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་རླབས་གཤགས་མདུན་སྐྱོད་ཐུབ་པའི་འགན་ལེན་བྱས་ཡོད།

1998ལོའི་དབྱར་ཁར། རང་རྒྱལ་ལ་ལོ་རྒྱུས་ཐོག་མཐོང་དཀོན་པའི་ཆུ་ལོག་དང་ཞོད་སྐྱོན་ཚབས་ཆེན་བྱུང་སྟེ། འབྲི་ཆུའི་འབབ་རྒྱུད་དང་། སུང་ཧྭ་ཅང་གཙང་པོའི་འབབ་རྒྱུད། ནེན་ཅང་གཙང་པོའི་འབབ་རྒྱུད་བཅས་ཀྱི་བཟོ་ལས་དང་། ཞིང་ལས། ནུས་རྒྱུའི་རྟེན་གཞི་བཅས་དང་། དེ་བཞིན་མི་དམངས་མང་ཚོགས་ཁྲི་སྟོང་མང་པོའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་བཟོས།

ཧུའུ་ནན་དང་། ཧུའུ་པེ། ཅང་ཞིས། ཨན་ཧུའེ་སོགས་གནོད་འཚེ་ཐེབས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཆུ་ལོག་གི་ཉེན་ཁ་ཆེ་ཤོས་ཀྱི་སྐབས་སུ།  བློ་མཐུན་ཅང་ཙེ་མེན་འབྲུབ་འགོག་གི་འཐབ་ཡུལ་དང་པོ་དང་དམག་དམངས་ཁྲོད་ཕེབས་ཏེ། སྐུ་ངོ་མས་འབྲུབ་འགོག་འཐབ་རྩོད་ལ་བཀོད་འདོམས་གནང་བའི་མི་སེམས་འགུལ་བའི་རྣམ་པ་སྔར་བཞིན་གསལ་པོར་དྲན་གྱི་ཡོད།

“འབྲི་ཆུའི་ཆུ་ལོག་ཐེངས་ལྔ་པའི་འགག་རྩའི་དུས་སྐབས་སུ། བློ་མཐུན་ཅང་ཙེ་མེན་གྱིས་ཉེན་ཁར་མ་འཛེམས་པར་ཆུ་རགས་སྟེང་འཛེགས་ནས་འབྲུབ་འགོག་ལ་བཀོད་འདོམས་གནང་སོང”ཞེས་སྐབས་དེའི་ཧུའུ་པེ་ཅིན་ཀྲོའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའི་འགན་འཁུར་བཞིན་པའི་ལིའུ་ཁེ་དབྱི་ཡིས་སྐབས་དེའི་རྣམ་པ་དག་ད་ལྟའང་གསལ་ལེར་དྲན་བཞིན་དེ་ལྟར་བཤད།

གཙང་པོའི་རགས་ཆེན་སྟེང་། དམག་དམངས་ཚོས་ནུས་ཤུགས་གང་ཡོད་བཏོན་ནས་ཆུ་ལོག་འགོག་བྱེད་ཀྱི་ཆུ་རགས་རྒྱག་བཞིན་ཡོད། བློ་མཐུན་ཅང་ཙེ་མེན་གྱིས་སྒྲ་དུང་བཟུང་ནས་སེམས་འགུལ་ཐེབས་པའི་ངང“ད་ལྟ་འབྲི་ཆུའི་ཆུ་ལོག་འགོག་པ་དང་ཉེན་ཁ་མྱུར་སེལ་གྱི་འཐབ་རྩོད་དེ་ཐག་གཅོད་དམག་འཐབ་ཀྱི་འགག་རྩའི་དུས་སུ་སླེབས་ཡོད་པས། ཁྱེད་ཚོས་མུ་མཐུད་དུ་ངལ་དུབ་ལ་མི་སྐྲག་པ་དང་། དཀའ་ཉེན་ལ་མི་འཛེམ་པ། བསྟུད་མར་དམག་འཐབ་བྱེད་པ་བཅས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། མཐུན་སྒྲིལ་འབད་འཐབ་དང་རྒྱུན་འཁྱོངས་ལྷོད་མེད་བྱས་ནས་ཆུ་ལོག་འགོག་པ་དང་ཉེན་ཁ་མྱུར་སེལ་གྱི་འཐབ་རྩོད་ལ་མཐའ་མའི་རྒྱལ་ཁ་ལེན་དགོས”ཞེས་གསུངས་པ་རེད།

དུས་རབས20པའི་ལོ་རབས90པར་སླེབས་རྗེས། བློ་མཐུན་ཅང་ཙེ་མེན་གྱིས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་འགྲོ་བའི་འཕེལ་ཕྱོགས་དམ་འཛིན་བྱས་ནས།  ཀྲུང་གོ་འཕེལ་རྒྱས་དང་། ཡར་ཐོན། འབྱོར་ཕྱུག་བཅས་ཡོང་དགོས་ན། ངེས་པར་དུ་ཕྱི་ཕྱོགས་སྒོ་འབྱེད་བྱས་ཏེ། འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་དཔལ་འབྱོར་དང་། ཚན་རྩལ། རིག་གནས་བཅས་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྔོན་ཐོན་གྱི་རིགས་མཐའ་དག་བསྡུ་ལེན་དང་དཔྱད་གཞིར་འཛིན་དགོས་པའི་ནན་བཤད་གནང་བ་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་པའི་འཐབ་ཇུས་ཀྱི་ཇུས་ཐག་གལ་ཆེན་བཅད་པ་རེད།

འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་པ་ལས་བློ་མཐུན་ཅང་ཙེ་མེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་ཐུན་མོང་མི་རབས་གསུམ་པས་སྤྱི་ཡོངས་སྟངས་འཛིན་དང་དུས་བསྟུན་འཕེལ་རྒྱས་ཀྱི་གཟིགས་རྒྱང་རིང་ལ་དགོངས་པ་ཟབ་པ་དང་བཅོས་སྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་ཆེར་གཏོང་བའི་ཡིད་ཆེས་བརྟན་པོ་མཚོན་ཞིང་། དེས་རང་རྒྱལ་ལ་རྒྱལ་སྤྱིའི་ཁོར་ཡུག་སྔར་ལས་ལེགས་པ་ཐོབ་པ་དང་།  དཔལ་འབྱོར་སྒྲིག་གཞི་བཅོས་སྒྱུར་དང་དཔལ་འབྱོར་གྲུབ་ཆའི་འཐབ་ཇུས་རང་བཞིན་གྱི་ལེགས་སྒྲིག་ལ་སྐུལ་འདེད་བཏང་བས། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་འགྲོ་བར་ཕན་ཐོགས་ཡོད།

ལག་ལེན་ལ་བརྩི་འཇོག་དང་དུས་བསྟུན་འཕེལ་རྒྱས་གཏོང་མཁས་པ།

བློ་མཐུན་ཅང་ཙེ་མེན་ང་ཚོ་དང་དུས་གཏན་དུ་བྲལ་ཡང་ཁོང་གི་གཤིས་རྒྱུད་དང་ཉམས་འགྱུར་མི་རྣམས་ཀྱི་སེམས་ཁོང་དུ་ནམ་ཡང་གནས།

གངས་ལྗོངས་ས་མཐོར་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཚོས་སྐྱོ་གདུང་ཆེན་པོས་བྱེད་སྟངས་སྣ་ཚོགས་ཀྱི་ཐོག་ནས་མྱ་ངན་ཞུ་བཞིན་ཡོད།

ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་བཅུ་པའི་རུ་དཔོན་ནམ་གཞིས་རྩེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཁྲེན་ཀེང་གིས་བཤད་རྒྱུར། “བློ་མཐུན་ཅང་ཙེ་མེན་གྱིས་ཏང་གི་རང་ངོས་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་དང་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་འགོད་གསར་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པར་སློབ་སྦྱོང་ལ་མཐོང་ཆེན་དང་། ཆབ་སྲིད་ལ་མཐོང་ཆེན། སྲོལ་བཟང་ལ་མཐོང་ཆེན་བཅས་བྱེད་དགོས་པ་དང་། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པར་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་བློ་ལ་བརྟན་པོར་བཅངས་ནས། གཞུང་ཞབས་པའི་འདུ་ཤེས་དྲག་པོ་འཛིན་དགོས་པའི་བླང་བྱ་བཏོན་པ་རེད”།   དུས་རབས་གསར་པའི་བོད་སྐྱོར་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་བློ་མཐུན་ཅང་ཙེ་མེན་གྱི་ཕུགས་རེ་རྒྱུན་འཛིན་བྱས་ཏེ། མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་བྱ་བ་བཟང་པོ་ཧུར་ཐག་གིས་བསྒྲུབས་ནས་ནམ་ཡང་མི་དམངས་དང་སེམས་པ་གཅིག་ཏུ་འབྲེལ་དགོས་ཟེར།

1995ལོར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཚན་རིག་ལག་རྩལ་ཡར་ཐོན་ཇེ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》ཁྱབ་བསྒྲགས་བྱས་ཏེ། ཚན་རྩལ་སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དངོས་སུ་བཏོན་པ་རེད། རྒྱལ་ཁབ་ཀྱིས་སྔ་རྗེས་སུ“211བཟོ་འགོད”དང“985བཟོ་འགོད”ལག་བསྟར་བྱས་བ་དང་ཀྲེ་ཅང་སློབ་ཆེན་འདི་ཉིད་ཁག་དང་པོའི་མཐོ་སློབ་ཀྱི་གྲས་སུ་ཚུད་ཡོད།

དུས་རབས་བརྗེ་མཚམས་སུ། བློ་མཐུན་ཅང་ཙེ་མེན་གྱིས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ལ་གོ་སྐབས་མི་ཤོར་བར་ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ལག་བསྟར་བྱེད་དགོས་ཞེས་གསལ་པོར་བཏོན་ཡོད། རྒྱལ་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་སྤྱིའི་རྒྱ་ཁྱོན་གྱི་71%ཟིན་པའི་ནུབ་རྒྱུད་ས་ཁུལ་དུ་གོ་སྐབས་གསར་པ་བསུས་པ་དང་མང་ཚོགས་སྔར་ལས་མང་བར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱུང་ཡོད།

སི་ཁྲོན་ཞིང་ཆེན་པ་ཀྲུང་གྲོང་ཁྱེར་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལུའི་ཨའེ་གོ་ཡིས་བཤད་རྒྱུར། དེ་སྔ་མྱུར་བགྲོད་གཞུང་ལམ་མེད་པའི་གསར་བརྗེའི་རྟེན་གཞིའི་གནས་རྙིང་སི་ཁྲོན་པ་ཀྲུང་དུ་ད་ལྟ“མཁའ་ལྕགས་མྱུར་གསུམ”དཔུང་གཤིབ་མཉམ་སྐྱོད་ཀྱིས་དུས་གཏན་གནམ་གྲུ18དང་མེ་འཁོར་ཤར་གཏོང་ཐུབ་པ་དང་། གྲོང་ཁྱེར་འདིའི་རྫོང་ཚང་མར་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་ནས། ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་པ་བསྐྲུན་ཡོད། “ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ཀྱིས་པ་ཀྲུང་ལ་རྗེས་ཐོན་བསྙེགས་བརྒལ་དང་དར་རྒྱས་གོང་འཕེལ་གྱི་གོ་སྐབས་གལ་ཆེན་ཐོབ་ཡོད” ཟེར།

བློ་མཐུན་ཅང་ཙེ་མེན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་བྱ་གཞག་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་དང་གཅིག་ལ་གཅིག་བརྟེན་གྱི་བྱ་གཞག་ཅིག་ཡིན་པས། ཕྱོགས་གང་ཞིག་མེད་ནའང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སུ་འགྱུར་མི་ཐུབ་ཅེས་བསྟན་ཡོད།།

ལོ་བརྒྱད་ཅུར་སླེབས་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་ཀྲུང་གོ་རྡོ་སོལ་གཏེར་ཁའི་རིག་རྩལ་ཚོགས་པའི་མཚན་འཛིན་ཚོགས་གཙོ་ཆུས་ཞན་ཧོ་ཡིས་དྲན་གསོ་བྱེད་ཞོར་དུ་བཤད་རྒྱུར། “བློ་མཐུན་ཅང་ཙེ་མེན་གྱིས་རིག་རྩལ་བྱ་གཞག་ལ་ཐུགས་ཁུར་ཆེན་པོ་གནང་བ་དང་།  རིག་རྩལ་ལས་བྱེད་པ་རྣམས་ལ་བྱམས་བརྩེ་ཧ་ཅང་ཆེན་པོ་གནང་གི་ཡོད”། 1997ལོར། བློ་མཐུན་ཅང་ཙེ་མེན་གྱིས་ཀྲུང་གོ་རྡོ་སོལ་གཏེར་ཁའི་རིག་རྩལ་ཚོགས་པ་བཙུགས་ནས་ལོ50འཁོར་བའི་དུས་སུ“གཏེར་རི་ལ་ཁ་ཕྱོགས་པ་དང་། གཏེར་འདོན་བཟོ་པར་ཞབས་འདེགས་ཞུ”ཞེས་ཕྱག་བྲིས་གནང་ཡོད། “འདིས་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་ཡོད། དམིགས་ཡུལ་འདི་རྒྱུན་འཁྱོངས་བྱས་ཏེ། ང་ཚོས་རྒྱུན་ཆད་མེད་པར་གཏེར་ཁུལ་དུ་སོང་ནས་སྔོག་འདོན་གྱི་གོམས་སྲོལ་ཉམས་ལེན་དང་། ལས་ཡུལ་དང་པོའི་གཏེར་འདོན་བཟོ་པར་ཞབས་འདེགས་ཞུ་བའི་འཁྲབ་སྟོན་བྱས་པས། གཏེར་འདོན་བཟོ་པས་དགའ་པོ་བྱེད་པའི་རིག་རྩལ་ཚོགས་པ་ཞིག་ཏུ་གྱུར་ཡོད། སླད་ཕྱིན། ང་ཚོས་མུ་མཐུད་དུ་མི་དམངས་ཁྲོད་གཞི་ཚུགས་ཏེ། ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་སྔར་ལས་མང་བར་བརྟེན་ནས།  མི་དམངས་ལ་བསམ་པའི་སྟོབས་ཤུགས་འདོན་སྤྲོད་བྱེད་རྒྱུ་ཡིན”ཟེར།

མང་ཚོགས་ལ་བརྩི་འཇོག་དང་མང་ཚོགས་ལ་སེམས་ཁུར་གནང་།

ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། ཡོད་ཚད་མི་དམངས་ལ་བརྟེན་དགོས།

བློ་མཐུན་ཅང་ཙེ་མེན་གྱིས་ནན་བཤད་གནང་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ལས་དོན་ཡོངས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་ས་ནི་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་རྒྱུན་ཆད་མེད་པར་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོབ་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་གཏོང་ཆེད་ཡིན།

1985ལོར། བློ་མཐུན་ཅང་ཙེ་མེན་གྱིས་ཧྲང་ཧའེ་གྲོང་ཁྱེར་གྱི་ཧྲི་ཀྲང་དང་ཀྲུང་གུང་ཧྲང་ཧའེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པའི་འགན་བཞེས་པ་དང་། 1987ལོར་ཀྲུང་གུང་ཧྲང་ཧའེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས། ཁོང་གིས་ཧྲང་ཧའེ་གྲོང་ཁྱེར་སྲིད་གཞུང་གིས་ལོ་རེར་ངེས་པར་དུ་མི་དམངས་ལ་དོན་དངོས་འགའ་སྒྲུབ་པའི་བྱེད་ཐབས་སྤྱད་དེ།  རྒྱ་ཆེའི་མང་ཚོགས་ཀྱི་ལྟོ་གོས་འགྲོ་སྡོད་ཐད་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་ལེགས་པོ་བྱེད་པའི་གྲོས་གཞི་བཏོན་པ་རེད།

ཧྲང་ཧའེ་ཅིན་ཨན་ཆུས་ལིན་ཧྥུན་ལམ་ཁྲོམ་གཞུང་ལིན་ཧྥུན་ཁུལ་ཆུང་གི་ལོ73ལ་སླེབས་པའི་གྲོང་མི་ཡའོ་མེ་ལི་ཡིས་བཤད་རྒྱུར། དུས་རབས20པའི་ལོ་རབས80པའི་དུས་མཇུག་གི་ཚུན་ལ། ཁོའི་འཚོ་བ་སྐྱེལ་སའི་ཁོར་ཡུག་ལ་ཐོག་མཐའ་བར་གསུམ་དུ་འགྱུར་ལྡོག་འབྱུང་བཞིན་ཡོད། “ང་ཚོའི་འཚོ་བ་ཇི་ཙམ་སྐྱེལ་བ་དེ་ཙམ་གྱིས་ཇེ་ལེགས་སུ་ཕྱིན་པར། ང་ཚོས་བློ་མཐུན་ཅང་ཙེ་མེན་གྱིས་ཧྲང་ཧའེ་མི་དམངས་ལ་ལེགས་སྐྱེས་ཆེན་པོ་ཕུལ་བར་ནམ་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཟེར།

དགུན་དུས་སུ། ཆ་སྙོམས་མཚོ་འཕང་སྨི5000ལས་བརྒལ་བའི་གདང་ལ་གྲོང་རྡལ་དུ།  བློ་མཐུན་ཅང་ཙེ་མེན་གྱིས་རྡོ་རིང་ཐོག“འབྲི་ཆུའི་ཆུ་འགོ”ཞེས་ཕྱག་བྲིས་གནང་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་དྲན་གསོའི་རྡོ་རིང་དེ་བརྗིད་ཉམས་ལྡན་པའི་ངང་ཀྲོང་ངེར་འགྱིང་ཡོད།

“རྡོ་རིང་དེ་རྨ་འབྲི་རྫ་གསུམ་འགོ་ཁུངས་སུ་བཙུགས་ཡོད་ལ། མཐོ་སྒང་མི་དམངས་ཀྱི་སེམས་སུ་བཙུགས་ཡོད”ཅེས་མཚོ་སྔོན་གྱི་འབྲོག་པ་ཞིན་ཝུན་གྱིས་དེ་ལྟར་བཤད།

ཐོ་ཐོ་ཆུ་བོའི་འགྲམ་དུ་སྐྱོད་ཐེངས་རེར། ཞིན་ཝུན་གྱིས་འགྱིག་ཁུག་ཅིག་ཁྱེར་ནས་ཉེ་འགྲམ་གྱི་གད་སྙིགས་འཐུ་བ་དང་རྡོ་རིང་ཐོག་གི་ཐལ་རྡུལ་ཕྱིས་བཞིན་ཡོད། ཁོས་མཚོ་བོད་གཞུང་ལམ་དུ་འགྲོ་འོང་བྱེད་མཁན་ཁ་ལོ་བར“འབྲི་ཆུའི་ཆུ་འགོའི”ཁོར་ཡུག་སྲུང་སྐྱོབ་དྲན་གསོའི་རྡོ་རིང་གི་གཏམ་རྒྱུད་བཤད་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དོན་སྙིང་གལ་ཆེན་བརྒྱུད་སྤྲོད་བྱེད་ཀྱིན་ཡོད། ཁོས་བཤད་རྒྱུར། “ང་ཚོས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཐབ་ཇུས་རྒྱུན་འཁྱོངས་བྱས་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་ནས་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས”ཟེར།

2000ལོར། བློ་མཐུན་ཅང་ཙེ་མེན་གྱིས་ཏུང་ཀོན་སློབ་ཆུང་གི་སློབ་བུ་ཚོར་སྤྲིངས་པའི་འཕྲིན་ལན་ནང་དུ། གཞས་དེ་སླར་ཡང་གླེང་ཡོད་དེ། ཁོང་གིས“ང་རང་སློབ་ཆུང་འགྲིམས་པའི་ལོ་རབས་ནི་ཀྲུང་གོ་དཀའ་སྡུག་གི་གནས་སུ་གྱར་ཞིང་། ཕྱི་གནོད་ནང་འཁྲུག་མང་བ་དང་། སྤྱི་ཚོགས་ཟིང་ཆ་ཆེ་བ་སོགས་ཀྱི་སྐབས་ལ་འཁེལ་ཡོད། ཡིན་ན་ཡང་ཁྱོད་ཚོ་སྐྱེ་དུས་ནི་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བཞིན་པའི་རླབས་ཆེན་གྱི་དུས་རབས་ནང་ཡིན་པས། ངེས་པར་ཏུ་གཅེས་སྤྲས་ཡག་པོ་བྱེད་དགོས”ཞེས་བྱིས་པ་ཚོར་སྐུལ་ལྕག་གནང་བ་རེད།

ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བྱ་གཞག་ནི་ཀྲུང་གོ་གུང་ཁྲན་ཏང་མི་མི་རབས་མང་པོའི་སེམས་ཤུགས་དང་འབད་འཐབ་ལ་བརྟེན་དགོས། ང་ཚོས་མཐུན་སྒྲིལ་དང་འབད་འཐབ་ལ་བརྟེན་ནས་འོད་སྟོང་འབར་བའི་ལོ་རྒྱུས་བསྐྲུན་ཡོད། ད་དུང་ཡང་མཐུན་སྒྲིལ་དང་འབད་འཐབ་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་གཏོད་བྱེད་དགོས།

ཏུང་ཀོན་སློབ་ཆུང་གི་སློབ་གཙོ་ཐང་ཁའེ་ཆོན་གྱིས་བཤད་རྒྱུར། “ང་ཚོས་བློ་མཐུན་ཅང་ཙེ་མེན་ལ་རྗེས་དྲན་ཞུ་བ་ནི། ཁོང་གི་ཐུགས་རེ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་མེས་རྒྱལ་ལ་དྲིན་ལན་འཇལ་བའི་ཕུགས་འདུན་ཆེན་པོ་ལག་བསྟར་བྱེད་པ་དང་། ཚད་ལྡན་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་མི་རབས་རེ་རེ་གསོ་སྐྱོང་བྱས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ལེགས་སྐྱེས་འབུལ་རྒྱུ་དེ་ཡིན”། སྐྱོད་ལམ་གསར་པར་ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ངར་སེམས་ཆེར་སྐྱེད་དང་དཔའ་སྐྱེད་མདུན་སྐྱོད་བྱས་ཏེ། སྔར་ལས་འོད་སྟོང་འབར་བའི་གྲུབ་འབྲས་ལ་བརྟེན་ནས་བློ་མཐུན་ཅང་ཙེ་མེན་ཐུགས་བདེ་ཡོང་བར་བྱེད་དགོས་ཟེར།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།