ཏང་གི་ཕྱོགས་ཡོངས་འགོ་ཁྲིད་དང་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས།
2022.12.07 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 40

—སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལ་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་སྐོར་གླེང་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ཁྲོད་ནན་གྱིས་བསྟན་དོན། “ད་ལྟ་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་ཚར་བར་བྱེད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་འབྱུང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།” གསར་དུ་བཟོ་བཅོས་བརྒྱབ་ཅིང་གྲོས་འཆམ་བྱུང་བའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》ལས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བའི་ཁྱད་ཆོས་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆེས་ཆེ་བའི་དགེ་མཚན་དེ་ཡིན་ལ། ཏང་ནི་ཆབ་སྲིད་ཀྱི་འགོ་ཁྲིད་སྟོབས་ཤུགས་ཆེས་མཐོན་པོ་དེ་ཡིན། ཏང་སྲིད་དམག་དམངས་སློབ་གྲྭ་དང་ཤར་ལྷོ་ནུབ་བྱང་དབུས་གང་དུ་ཡང་ཏང་གིས་ཡོད་ཚད་ལ་འགོ་ཁྲིད་པ་ཡིན། སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་ནན་གྱིས་བསྟན་དོན། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་དང་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་རྒྱུན་འཁྱོངས་བྱེད་པའི་བཀོད་སྒྲིག་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པར་འབད་འབུངས་བྱེད་དགོས་ཤིང་། བློ་བརྟན་འགྱུར་མེད་ཀྱིས་དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་ལ་སྐུལ་འདེད་ཟབ་མོ་གཏོང་བའི་རླབས་ཆེན་བཟོ་འགོད་གསར་པའི་ཕྱོགས་སུ་ལག་ལེན་ཡོད་པ་དང་ཕན་འབྲས་ཐོན་པར་བརྩོན་དགོས།

ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་གནད་འགག་ནི་ཏང་ལ་ཐུག་ཡོད། ཏང་གིས་མི་དམངས་ལ་མཐུན་སྒྲིལ་གྱིས་སྣེ་ཁྲིད་དེ་རླབས་ཆེན་འཐབ་རྩོད་བྱེད་པ་དང་རླབས་ཆེན་ལས་དོན་སྒྲུབ་པ། རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱེད་ན། ངེས་པར་དུ་ཏང་འཛུགས་སྐྲུན་དང་ཏང་སྟོབས་ལྡན་དུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་ལོ་རྒྱུས་ཀྱི་གནས་མཚམས་ཁོང་དུ་ཆུད་དེ། ལོ་རྒྱུས་ཀྱི་རང་རྟོགས་དང་ལོ་རྒྱུས་ཀྱི་རང་འགུལ་ཤུགས་དྲག་པོས་རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཆེན་པོ་འདི་གཉིས་ལ་གཅིག་གྱུར་འཆར་འགོད་དང་། རླབས་ཆེན་འཐབ་རྩོད་དང་རླབས་ཆེན་བཟོ་འགོད། རླབས་ཆེན་ལས་དོན། རླབས་ཆེན་ཕུགས་འདུན་བཅས་ལ་གཅིག་འདོམས་བྱེད་པར་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ཅིག་ཡིན་ལ། མར་ཁེ་སི་རིང་ལུགས་ཀྱི་ཏང་འཛུགས་གཞུང་ལུགས་དེ་ཀྲུང་གོ་གུང་ཁྲན་ཏང་གི་འཛུགས་སྐྲུན་དངོས་ཡོད་དང་ཟུང་འབྲེལ་བྱས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གྱི་གྲུབ་འབྲས་ཤིག་ཀྱང་ཡིན་པས། དུས་རབས་ཀྱི་རིན་ཐང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན་པ་རེད།

ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་ལམ་བུ་ཡིན། ཏང་ཡོན་ལས་བྱེད་ཐམས་ཅད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཐོག་མའི་འགན་འཁྲི་ཡིད་ལ་དམ་པོར་བཟུང་ནས། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ་དང་། རང་འགུལ་གྱིས་དང་ལེན་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཆེ་ཕྱོགས་ལ་ཞབས་ཞུ་སྒྲུབ་པ། ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཁ་ཕྱོགས། རྩ་དོན། ལམ་ཕྱོགས་བཅས་ཀྱི་སྟེང་ནས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་ཁག་ཐེག་བྱེད་པ་དང་། ཏང་ཀྲུང་དབྱང་གིས་བཏོན་པ་ཐམས་ཅད་རྦད་དེ་དང་དུ་ལེན་པ་དང་ཏང་ཀྲུང་དབྱང་གིས་ཐག་བཅད་པ་དག་རྦད་དེ་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་གིས་བཀག་པ་རྣམས་རྦད་དེ་མི་སྒྲུབ་པ་བྱེད་ཐུབ་དགོས་ལ། འགུལ་སྐྱོད་ཡོད་ཚད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བཀོད་འདོམས་ལ་ཉན་ནས་སྤེལ་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལ་བརྟེན་ནས་སེམས་སྒྲིལ་ཡར་སྐྱེད་བྱེད་པ་དང་། “གཏན་ཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ཏེ། “འདུ་ཤེས་བཞི”ཇེ་དྲག་དང“རང་རྟོན་བཞི”ཇེ་བརྟན།“སྲུང་སྐྱོང་གཉིས”ལེགས་པར་སྒྲུབ་ཐུབ་པ་བཅས་བྱེད་དགོས། རྒྱལ་ཁབ་སྐྱོང་བར་ཐོག་མར་ཏང་སྐྱོང་དགོས་ལ། ངེས་པར་དུ་ཏང་ནན་མོས་སྐྱོང་དགོས། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་འགོད་གསར་པར་སྐུལ་འདེད་བྱེད་པར“ངེས་པར་དུ་སྒྲུབ་དགོས་པ་གསུམ”ཅིས་ཀྱང་དམ་འཛིན་བྱེད་དགོས་ལ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་ནམ་ཡང་ལམ་དུ་ཡོད་པ་དང་། ཏང་གི་རང་ཉིད་གསར་བརྗེ་ནམ་ཡང་ལམ་དུ་ཡོད་པའི་འགྱུར་མེད་སྙིང་སྟོབས་ལ་བརྟེན་ནས། ཏང་གི་རང་ཉིད་གཙང་བསྒྱུར་དང་རང་ཉིད་འཐུས་ཚང་དང་རང་ཉིད་གསར་བསྒྱུར་དང་རང་ཉིད་མཐོར་འདེགས་བཅས་ལ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་མོ་ཁ་གསལ་བྱས་ཏེ། ཆབ་སྲིད་ཀྱི་ལྟ་རྟོག་བྱེ་བྲག་ཅན་དང་གནད་ཁེལ་ཅན་དང་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་བ་དང་། རང་རྟོན་རང་བརྩོན་དང་བདེན་སྲུང་གསར་གཏོད། ཞུམ་མེད་སྙིང་སྟོབས། དཔའ་ངར་མདུན་སྐྱོད་བཅས་ཀྱིས་ཏང་ཡོན་ལས་བྱེད་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་བསླངས་ཏེ། སྲོལ་གཙང་ལུགས་བདེན་གྱི་ཏང་ནང་གི་ཆབ་སྲིད་སྐྱེ་ཁམས་ཤིག་ཆགས་པར་བྱེད་པ་དང་། དོན་གཉེར་ལས་སྐྲུན་གྱི་རྣམ་པ་བཟང་པོ་ཞིག་བསྐྲུན་དགོས།

“གཞན་ལས་རྒྱལ་བ་སྟོབས་ཆེ་ཙམ། རང་ལས་རྒྱལ་བ་རྒྱལ་བའི་མཆོག” བགྲོད་ལམ་གསར་པའི་སྟེང་དུ། ང་ཚོས་ཕྱོགས་ཡོངས་ནས་དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་དགོས་པ་དང་། “རྒྱུགས་སྤྲོད་ལ་ཞུགས་པའི”འདུ་ཤེས་དང་སེམས་ཤུགས་སྲུང་འཛིན་གྱིས་རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་དང་། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་འགོད་གསར་པར་སྐུལ་འདེད། ཏང་གི་རང་ཉིད་གསར་བརྗེ་ལ་བརྟེན་ནས་སྤྱི་ཚོགས་གསར་བརྗེའི་སྣེ་ཁྲིད་དེ། ཏང་གི་དར་ཆ་ནམ་ཡང་མཚོ་སྔོན་མཐོ་སྒང་དུ་བསྐྱོད་པར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཆེད་དུ་མཐུན་སྒྲིལ་འབད་འཐབ་བྱེད་པར་སྣེ་འཁྲིད་དགོས།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།