སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་མར་ཁེ་སིའི་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དེ་ངེས་པར་དུ་ཀྲུང་གོའི་བྱེད་བྲག་གི་དོན་དངོས་དང་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་དགོས་ཞེས་བསྟན་ཡོད། “ཟུང་འབྲེལ་གཉིས”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལས་ཀྲུང་གོར་མར་ཁེ་སིའི་རིང་ལུགས་གསར་གཏོད་དང་འཕེལ་རྒྱས་གཏོང་བའི་ཐབས་ལམ་དངོས་དང་ནང་གནས་ཀྱི་ཆོས་ཉིད་གསལ་སྟོན་གཏིང་ཟབ་བྱས་ཡོད། དེ་ལ་གཤམ་གྱི་ཕྱོགས་གསུམ་ནས་གོ་བ་ཟབ་མོ་ལེན་དགོས།
དང་པོ།“ཟུང་འབྲེལ་གཉིས”ནི་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་འཕེལ་རིམ་གྱི་ཉམས་མྱོང་ཕྱོགས་བསྡོམས་དང་ཆོས་ཉིད་གསལ་སྟོན་བྱས་པ་ཞིག་རེད། མར་ཁེ་སིའི་རིང་ལུགས་ཀྱིས་རང་བྱུང་ཁམས་དང་། མིའི་རིགས་ཀྱི་སྤྱི་ཚོགས། མིའི་རིགས་ཀྱི་བསམ་གཞིགས་དང་འཕེལ་རྒྱས་བཅས་ཀྱི་ཡོངས་ཁྱབ་ཆོས་ཉིད་གསལ་སྟོན་གཏིང་ཟབ་བྱས་ཡོད། འོན་ཀྱང་མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ནི་ལུང་ཙམ་མ་ཡིན་པར་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན་པས། ངེས་པར་དུ་དེའི་ཚན་རིག་དང་མཐུན་པའི་བདེན་དོན་སྤྱད་དེ་རྒྱལ་ཁབ་སོ་སོར་འཕྲད་པའི་གནད་དོན་དངོས་ཐག་གཅོད་བྱ་དགོས། མར་ཁེ་སིའི་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ནི་མར་ཁེ་སིའི་རིང་ལུགས་ཀྱིས་དུས་རབས་དང་། ལག་ལེན། ངོས་འཛིན་བཅས་རྒྱུན་ཆད་མེད་པར་གཞིར་བཟུང་ནས་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཤིག་ཡིན་ལ། མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་བསམ་བློ་དང་རིག་གནས་ཀྱི་གྲུབ་འབྲས་ཕུལ་དུ་བྱུང་བ་ཡོད་ཚད་རྒྱུན་ཆད་མེད་པར་བསྡུ་ལེན་བྱས་ནས་རང་ཉིད་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ལོ་རྒྱུས་ཤིག་ཀྱང་རེད། ང་ཚོའི་ཏང་དབུ་བརྙེས་པ་ནས་བཟུང་མར་ཁེ་སིའི་རིང་ལུགས་དེ་རང་ཉིད་ཀྱི་དར་ཆའི་ཐོག་གསལ་པོར་བྲིས་ཡོད་ཅིང་། མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་བྱེ་བྲག་གི་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་དང་། མི་རིགས་ཅན་དུ་འགྱུར་བ་དང་རང་ཡུལ་ཅན་དུ་འགྱུར་བའི་འཚོལ་ཞིབ་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཡང་དག་པའི་བགྲོད་ལམ་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ལེགས་འགྲུབ་ངང་གསར་གཏོད་བྱས་ཡོད། དུས་ཡུན་རིང་པོའི་ལག་ལེན་ཁྲོད་ང་ཚོའི་ཏང་ལ་མར་ཁེ་སིའི་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་ངེས་པར་དུ་ཀྲུང་གོའི་ཐུན་མིན་གྱི་ལོ་རྒྱུས་དང་རིག་གནས་ཀྱི་སྲོལ་རྒྱུན་ཁྲོད་རྩ་བ་ཚུགས་པར་བྱེད་དགོས་པའི་ངོས་ཟིན་གཏིང་ཟབ་བྱུང་ཡོད། མའོ་ཙེ་ཏུང་གིས“ཁུང་ཙི་ནས་སུན་ཀྲུང་ཧྲན་གྱི་བར་ང་ཚོས་ཕྱོགས་བསྡོམས་བྱས་ཏེ་རྩ་ཆེའི་ཤུལ་བཞག་འདི་རྒྱུན་འཛིན་བྱེད་དགོས”ཞེས་གསུངས་ཡོད། ཏིན་ཞའོ་ཕེན་གྱིས《གུས་ལུགས་ཀྱི་རྩོམ་ཡིག་ཕྱོགས་བསྒྲིགས》ཞེས་པའི་ནང་གི་གནའ་བོའི་འབྱོར་འབྲིང་སྤྱི་ཚོགས་སྐོར་གྱི་རྒྱས་བཤད་ལ་དཔེ་བལྟ་མཛད་དེ“འབྱོར་འབྲིང་སྤྱི་ཚོགས”འཛུགས་སྐྲུན་བྱེད་པའི་འཕེལ་རྒྱས་ཀྱི་དམིགས་འབེན་བཏོན་པ་དང་། མི་དམངས་དུང་ཕྱུར་མང་པོའི་འབད་འཐབ་ཀྱི་སྤྲོ་སེམས་ནུས་ལྡན་སྒོས་གཅིག་སྡུད་དང་འཕེལ་བར་བྱས་ཡོད། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་བྱེ་བྲག་གི་དོན་དངོས་ལ་གཞིགས་པ་རྒྱུན་འཁྱོངས་བྱས་ནས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲོད་ནས་ཉིང་བཅུད་བསྡུ་ལེན་བྱ་རྒྱུར་མཐོང་ཆེན་བྱས་པར་བརྟེན། མར་ཁེ་སིའི་རིང་ལུགས་གཞི་ནས་ཀྲུང་གོར་རྩ་བ་བརྟན་པོ་ཚུགས་པར་མ་ཟད་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་བྱུང་སྟེ། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་། དུས་རབས་ཅན་དུ་འགྱུར་བའི་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་གྲུབ་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་སྟོན་འདོན་སྤྲོད་བྱས་པ་རེད།
གཉིས་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི“ཟུང་འབྲེལ་གཉིས”རྒྱུན་འཁྱོངས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ཤིག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་མི་དམངས་ཀྱི་འགོ་ཁྲིད་དེ་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་བྱེ་བྲག་གི་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྲུབ་འབྲས་གསར་གཏོད་དང་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་གོ་རྟོགས་གསར་བ་གསར་གཏོད་བྱེད་པའི་བརྒྱུད་རིམ་ཁྲོད། རིག་གནས་ཀྱི་རང་རྟོན་ཇེ་བརྟན་དུ་བཏང་ནས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་གལ་ཆེན་རབ་དང་རིམ་པ་འདོན་དགོས་པ་ནན་བཤད་གསལ་བོ་གནང་ཡོད། 2021ལོའི་ཟླ7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག “མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་བྱེ་བྲག་གི་དོན་དངོས་དང་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས”ཞེས་གསལ་བོར་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་གསར་གཏོད་རང་བཞིན་གྱི་སྒོ་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་བེད་སྤྱོད་བྱེད་པའི་དཔེ་མཚོན་ཞིག་ཡིན་པ་དང་། དུས་རབས་ཀྱི་བླང་བྱ་དང་ཟུང་འབྲེལ་བྱས་ནས་གསར་གཏོད་ཀྱི་འདུ་ཤེས་དང་བསམ་བློ་གལ་ཆེན་མང་པོ་ཞུན་བརྡར་དང་སྙིང་བསྡུས་བྱས་ཡོད།
དཔེར་ན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློའི་སྐོར་ལ། གནམ་འོག་སྤྱི་ལ་དབང་བ་དང་། དམངས་ནི་རྒྱལ་ཁབ་ཀྱི་རྩ་བ་ཡིན་པ། སྤྱོད་བཟང་གིས་སྲིད་སྐྱོང་བ་སོགས་སྲོལ་རྒྱུན་གྱི་རྒྱལ་སྐྱོང་འདུ་ཤེས་བསྡུ་ལེན་དང་དཔྱད་གཞིར་འཛིན་པ་དང་། དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞིའི་སྐོར་ལ། སྤྱོད་ཡོན་གཉིས་ལྡན་གྱི་མཛངས་མི་ཁོ་ན་བསྐོ་གཞག་བྱེད་པ་དང་། མཛངས་མི་དང་འཇོན་ཐང་ཅན་གདམ་པ། རང་གཅུན་བློ་སྦྱོང་བྱེད་པ། སྤྱོད་ལམ་གཙོ་བོར་འཛིན་པ་སོགས་གནའ་རབས་ཀྱི་དཔོན་པོ་སྐྱོང་ལུགས་སྐོར་གྱི་བསམ་བློ་བསྡུ་ལེན་དང་དཔྱད་གཞིར་འཛིན་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་སྐོར་ལ། རྒྱལ་ཁབ་མང་པོར་མཐུན་འགྲིག་དང་། ཕན་ཚུན་ཡིད་རྟོན་དང་འཆམ་མཐུན་ལ་མཐོང་ཆེན། ཕན་ཚུན་མཛའ་བརྩེ་དང་ཁྱིམ་མཚེས་བཟང་པོ་བྱེད་པ། འཆམ་མཐུན་ཡིན་ལ་མི་འདྲ་བ་སོགས་སྲོལ་རྒྱུན་གྱི་རྒྱལ་ཁབ་བར་གྱི་འབྲེལ་བའི་ལམ་བུ་བསྡུ་ལེན་དང་དཔྱད་གཞིར་འཛིན་པ་སོགས་ལྟ་བུ་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི“ཟུང་འབྲེལ་གཉིས”རྒྱུན་འཁྱོངས་བྱེད་པའི་ཁྲོད་གྲུབ་པ་དང་། དེང་རབས་ཀྲུང་གོའི་མར་ཁེ་སིའི་རིང་ལུགས་དང་དུས་རབས21པའི་མར་ཁེ་སི་རིང་ལུགས་ཡིན་ལ། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་ཉིང་བཅུད་ཡིན་པ་ལག་ལེན་དངོས་ལས་ར་སྤྲོད་བྱུང་ཡོད།
གསུམ་པ།“ཟུང་འབྲེལ་གཉིས”རྒྱུན་འཁྱོངས་བྱེད་པའི་ཁྲོད་དུ་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་བསམ་ཕྱོགས་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱ་དགོས། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་ངང་འབྱུང་བཞིན་ཡོད་པ་དང་། སྐྱོད་ལམ་གསར་པའི་ཐོག་ང་ཚོའི་ཏང་གི་ཕྲག་ཏུ་ཡོད་པའི་ལས་འགན་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བ། མདུན་དུ་ལྷགས་པའི་ཉེན་ཁ་དང་འགྲན་སློང་རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བ་བཅས་ཀྱིས་ང་ཚོའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ལ་ཉམས་སད་གསར་པ་ཐེབས་པ་དང་། རིགས་པའི་གཞུང་ལུགས་གསར་གཏོད་ལའང་སྔར་ལས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ནན་ཏན་སྒོས་དོན་འཁྱོལ་བྱེད་པ་དང་། སྔར་ལས་རང་རྟོགས་སྒོས“ཟུང་འབྲེལ་གཉིས”རྒྱུན་འཁྱོངས་བྱས་ཏེ། ལག་ལེན་གྱི་རྨང་གཞིའི་ཐོག་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ཕྱོགས་གཅིག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དོན་དངོས་ལ་གཞིགས་ཏེ། ལག་ལེན་ལ་འཕྲད་པའི་གནད་དོན་གསར་པ་དང་། བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་གསུམ་གྱི་གཏིང་རིམ་གྱི་གནད་དོན་དང་། མི་དམངས་མང་ཚོགས་ཀྱི་དཀའ་ཉེན་དང་སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན། རྒྱལ་སྤྱིའི་འགྱུར་ལྡོག་ཁྲོད་ཀྱི་གནད་དོན་གལ་ཆེན། ཏང་འཛུགས་སྐྲུན་གྱི་མདུན་དུ་ལྷགས་པའི་གནད་དོན་མངོན་གསལ་ཅན་བཅས་ལ་གཏིང་ཟབ་ཏུ་ཞིབ་འཇུག་དང་ལན་བཏབ་སྟེ། གནད་དོན་དངོས་གནས་ཐག་གཅོད་བྱེད་པའི་འདུ་ཤེས་གསར་པ་དང་། བསམ་ཕྱོགས་གསར་པ། བྱེད་ཐབས་གསར་པ་བཅས་རྒྱུན་ཆད་མེད་པར་འདོན་དགོས། ཕྱོགས་གཞན་ཞིག་ནས་ཀྲུང་ཧྭའི་རིག་གནས་ཀྱི་ཕུན་སུམ་ཚོགས་པའི་གཏེར་མཛོད་སྔོག་འདོན་དང་བེད་སྤྱོད་གཏིང་ཟབ་བྱས་ཏེ། གནའ་བཟང་དེང་སྤྱོད་དང་རྙིང་དོར་གསར་ལེན་རྒྱུན་འཁྱོངས་བྱས་ནས། མར་ཁེ་སིའི་རིང་ལུགས་ཀྱི་བསམ་བློའི་ཉིང་བཅུད་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་ཟུང་དུ་སྦྲེལ་བ་དང་། མི་དམངས་མང་ཚོགས་ཀྱིས་ཉིན་བཞིན་བཀོལ་སྤྱོད་བྱེད་ཀྱང་ཚོར་མི་ཐུབ་པའི་ཐུན་མོང་གི་རིན་ཐང་འདུ་ཤེས་དང་ཕན་ཚུན་མཐུན་སྦྱོར་བྱ་དགོས། ཀྲུང་གོའི་དྲི་བ་དང་། འཛམ་གླིང་གི་དྲི་བ། མི་དམངས་ཀྱི་དྲི་བ། དུས་རབས་ཀྱི་དྲི་བ་བཅས་ལ་རྒྱུན་ཆད་མེད་པར་ལན་བཏབ་བ་བརྒྱུད། ཀྲུང་ཧྭའི་རིག་གནས་ཀྱི་ནང་གནས་སྐྱེ་སྟོབས་སྐུལ་སྤེལ་གང་ལེགས་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྔར་ལས་ལེགས་པའི་སྒོ་ནས་དུས་བསྟུན་མདུན་སྐྱོད་བྱེད་པར་སྐུལ་འདེད་བཏང་སྟེ། སྔར་ལས་ཆེ་བའི་བདེན་དོན་གྱི་སྟོབས་ཤུགས་དང་ ལག་ལེན་གྱི་སྟོབས་ཤུགས་རླབས་པོ་ཆེ་མཚོན་པར་བྱ་དགོས།
ཡིག་སྒྱུར་བ།སྒྲོལ་མ་སྐྱིད།