སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན”ཞེས་བསྟན་ཡོད། བརྡར་གཅོད་གལ་ཆེན་དེས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྩ་བའི་ངོ་བོ་དང་བླང་བྱ་གསལ་བཤད་ཟབ་མོ་བྱས་ཡོད་པས་གཤམ་གྱི་ཕྱོགས་གསུམ་གྱི་ཐད་ནས་གོ་བ་གཏིང་ཟབ་ལེན་དགོས།
དང་པོ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་དང་སྐུལ་འདེད། གསར་གཏོད་བཅས་བྱེད་པའི་དེང་རབས་ཅན་ཡིན། ཉེ་རབས་ཀྱི་རྗེས་སུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་ཀྲུང་གོའི་དེང་རབས་ཅན་མངོན་འགྱུར་བྱེད་རྒྱུ་ནི་ཀྲུང་གོ་མི་དམངས་ཀྱི་འགྱུར་མེད་དམ་བཅའ་དང་ཕུགས་འདུན་དོན་གཉེར་ཞིག་ཡིན་མོད། འོན་ཀྱང་ཀྲུང་གོ་གུང་ཁྲན་ཏང་དབུ་མ་བརྙེས་གོང་ལོ་རྒྱུས་ཀྱི་ལས་འགན་དེ་ཁུར་ཐུབ་པའི་ཆབ་སྲིད་ཀྱི་སྟོབས་ཤུགས་གང་ཡང་མེད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་དེས་ཀྲུང་གོའི་དེང་རབས་ཅན་གྱི་བྱ་གཞག་གི་མགོ་ཁྲིད་སྟོབས་ཤུགས་ཀྱི་གནད་དོན་ཐག་གཅོད་བྱས་ཤིང་། ཀྲུང་གོའི་དེང་རབས་ཅན་ལ་ཁ་ཕྱོགས་ཡང་དག་པ་བསྟན་པ་དང་། དུས་རིམ་མི་འདྲ་བའི་འབད་འཐབ་ཀྱི་དམིགས་འབེན་གཏན་འབེབས་བྱས་ནས། ཀྲུང་གོའི་དོན་དངོས་དང་མཐུན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་བཏོད་པ་རེད། ལོ100ལྷག་ཙམ་གྱི་རིང་ལ་རང་རེའི་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཁྲག་བཏོན་དམར་འཛིང་དང་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པར་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་རླབས་ཆེན་གྲུབ་འབྲས་བཏོད་པ་དང་། རང་སྟོབས་རང་སྤེལ་དང་འབད་འབུངས་ཡར་བརྩོན་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་གྲུབ་འབྲས་རླབས་ཆེན་བཏོད་པ། བསམ་བློ་བཅིངས་འགྲོལ་དང་ཡར་རྒྱས་བརྩོན་ལེན་བྱས་ཏེ་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་རླབས་ཆེན་གྲུབ་འབྲས་བསྐྲུན་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། རང་ལ་ཡིད་ཆེས་དང་དྲང་འཛིན་གསར་གཏོད་བཅས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྲུབ་འབྲས་གསར་གཏོད་བྱས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་སྔར་ལས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་དང་སྔར་ལས་བརྟན་པའི་དངོས་པོའི་རྨང་གཞི། སྔར་ལས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་བཅས་འདོན་སྤྲོད་བྱས་ཡོད། དུས་ཡུན་རིང་པོའི་འཚོལ་ཞིབ་དང་ལག་ལེན་གྱི་རྨང་གཞིའི་སྟེང་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པའི་ཚུན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་ཐད་ཀྱི་གསར་གཏོད་ཚད་བརྒལ་བྱས་པ་བརྒྱུད། རང་རེའི་ཏང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གྲུབ་འབྲས་ལྡན་པའི་ངང་སྐུལ་འདེད་དང་རྒྱ་ཆེར་བཏང་བས། ཀྲུང་ཧྭ་མི་རིགས་ཡར་ལངས་པ་ནས་ཕྱུག་འགྱུར་དང་སྟོབས་ལྡན་དུ་གྱུར་བའི་བར་གྱི་རླབས་ཆེན་མཆོང་སྐྱོད་བྱུང་ནས།“དུས་རབས་ཀྱི་རྗེས་ཟིན་པ”ནས“དུས་རབས་ཀྱི་སྣེ་ཁྲིད”བར་གྱི་རླབས་ཆེན་མཆོང་སྐྱོད་མངོན་འགྱུར་བྱུང་ཡོད། ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་འབྱུང་མི་ཐུབ་ལ་ཀྲུང་གོའི་དེང་རབས་ཅན་མངོན་འགྱུར་འབྱུང་མི་ཐུབ་པ་ལོ་རྒྱུས་ཀྱིས་ར་སྤྲོད་གང་ལེགས་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་འབྱུང་བར་སྐུལ་སྤེལ་བྱེད་པའི་རྩ་བའི་འགན་ལེན་རེད།
གཉིས་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་རྒྱུ་དེ་རེད། དེང་རབས་ཅན་མངོན་འགྱུར་བྱེད་པར་དང་ཐོག་ལམ་གང་ཞིག་ཏུ་བསྐྱོད་པ་དང་ལམ་ལུགས་ཀྱི་མ་དཔེ་དང་རིན་ཐང་གི་མ་ལག་ཅི་འདྲ་ཞིག་གདམ་གསེས་བྱེད་རྒྱུའི་གནད་དོན་ཞིག་ཡོད། རང་རེའི་ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་ཀྲུང་གོའི་ལུགས་ཀྱི་སྤྱི་ཚོགས་རིང་ལུགས་འཚོལ་ཞིབ་དང་གསར་གཏོད་བྱེད་པའི་བརྒྱུད་རིམ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བདེ་བླག་ངང་གསར་གཏོད་དང་རྒྱུན་འཁྱོངས། འཕེལ་རྒྱས་སུ་གཏོང་པའི་བརྒྱུད་རིམ་རེད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པར་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་ཡིན་པ་ལག་ལེན་དངོས་ལས་ར་སྤྲོད་བྱུང་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་དང་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ལོ་རྒྱུས་གཏན་ཚིགས་ཀྱི་རྩོད་སྒྲུབ་གཅིག་གྱུར་ཡིན་པ་དང་། འགྲོ་ལམ་དང་རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་གཞི་གཅིག་ལས་གྲུབ་པ་ཞིག་ཡིན་ཞིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་གཅིག་གྱུར་བྱས་པ་ཞིག་རེད། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གླེང་སྐབས།“ཀྲུང་གོའི་ལུགས”ཞེས་པ་དེ་རྩ་བའི་ཐོག་ནས་བཤད་ན་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་བརྟེན་ནས་གྲུབ་པ་ཞིག་རེད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་ཁ་བྲལ་ན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བདེ་བླག་ངང་གསར་གཏོད་བྱེད་མི་ཐུབ་ལ་མུ་མཐུད་དུ་མདུན་ཕྱོགས་སུ་སྐུལ་སྤེལ་ཡང་བྱེད་མི་ཐུབ། དེར་བརྟེན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་གཏན་འབེབས་རང་བཞིན་མཚོན་པ་སྟེ། ཏང་གི་མགོ་ཁྲིད་ཀྱི་རྩ་བའི་བླང་བྱ་འདི་ལས་མཚོན་ཡོད་ལ། ཐུན་མོང་ཕྱུག་འགྱུར་དང་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་དང་ཞི་བདེའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་པ་སོགས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་ཁྱད་ཆོས་གལ་ཆེན་ཡང་མཚོན་ཡོད། དོན་སྙིང་འདིའི་སྟེང་ནས་བཤད་ན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ནུབ་ཕྱོགས་མ་རྩ་རིང་ལུགས་ཀྱི་དེང་རབས་ཅན་དང་མི་འདྲ་བའི་ཐབས་ལམ་གསར་རྐྱང་ཞིག་བཏོད་ཡོད་པ་དང་།“དེང་རབས་ཅན་ནི་ནུབ་ཕྱོགས་ཅན་ཡིན་པའི”བསམ་བློ་མེད་པར་བཟོས་ནས། རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་དེང་རབས་ཅན་གྱི་འགྲོ་ལམ་འཚོལ་ཞིབ་བྱེད་པར་གདམ་གསེས་གསར་བ་ཞིག་མཁོ་འདོན་བྱས་ཡོད།
གསུམ་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ཁ་ཕྱོགས་ཡང་དག་དང་བགྲོད་ལམ་ཡང་དག་སྟེང་བསྐྱོད་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་མ་འོངས་པའི་ལོ5དང་ཐ་ན་དུས་ཡུན་དེ་ལས་རིང་བའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་སུ་གཏོང་བའི་དམིགས་འབེན་ལས་འགན་དང་བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པར་བླང་བྱ་གསལ་པོ་བཏོན་ཡོད། མིག་སྔར། འཛམ་གླིང་དུ་ལོ་ངོ་བརྒྱ་ལྷག་ལ་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་མྱུར་དུ་བྱུང་ཞིང་། མདུན་སྐྱོད་ཀྱི་ལམ་དུ་འགལ་བའི་གནད་དོན་དང་ཉེན་ཁ་དང་འགྲན་སློང་སྣ་ཚོགས་སྔར་ལས་སྣ་མང་རྙོག་འཛིང་དུ་གྱུར་ཡོད། དམིགས་འབེན་ཇི་ཙམ་བརྗིད་ཉམས་ཆེ་བ་དང་གནས་བབ་ཇི་ཙམ་རྙོག་འཛིང་ཆེ་བ། ལས་འགན་ཇི་ཙམ་དཀའ་ཚེགས་ཆེ་ན་དེ་ཙམ་གྱིས་ཡིད་ཆེས་བརྟན་པོ་དང་བརྟན་ཤུགས་སྲུང་འཛིན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་ཐུབ་པར་བྱེད་དགོས། ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བྱེད་པ་དང་ཏང་ཀྲུང་དབྱང་གི་དབང་ཐང་དང་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ། ཏང་གི་མགོ་ཁྲིད་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱབ་ཁོངས་ཡོངས་དང་ཕྱོགས་སོ་སོར་དོན་འཁྱོལ་བྱས་ནས། ཆར་རླུང་དྲག་པོས་འཇབ་རྒོལ་ཕོག་སྐབས་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་མི་དམངས་ཡོངས་ཀྱི་བློ་འཁེལ་སའི་སྲོག་ཤིང་དུ་འགྱུར་བར་བྱས་ཏེ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ཡང་དག་པའི་ཁ་ཕྱོགས་འགན་ལེན་བྱེད་དགོས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་སྟེང་བསྐྱོད་དེ་ཏང་གི་གཞི་རྩའི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ནས། ལམ་ལ་འགྱུར་ལྡོག་མི་གཏོང་བ་དང་ཕུགས་བསམ་ལ་འགྱུར་ལྡོག་མི་གཏོང་བ། བཀག་རྒྱ་རེངས་གྱུར་གྱི་ལམ་རྙིང་པར་མི་སྐྱོད་ལ་དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་དུའང་མི་སྐྱོད་པ་བཅས་བྱས་ཏེ། ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་རྒྱུན་ཆད་མེད་པར་རྒྱལ་ཁ་གསར་པ་ཐོབ་པར་སྐུལ་འདེད་བྱེད་དགོས།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།