དྲི་བ་བཅུ་གསུམ་པ། རིགས་པའི་གཞུང་ལུགས་གསར་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བའི“ངེས་པར་རྒྱུན་འཁྱོངས་བྱེད་དགོས་པ་དྲུག”རྒྱུན་འཁྱོངས་བཟང་པོ་དང་བཀོལ་སྤྱོད་བཟང་པོ་བྱེད་དགོས་ཞེས་པར་གོ་བ་ཇི་ལྟར་ལེན་དགོས་སམ།
2022.12.13 ཁུངས། ཏང་གི་ཚོགས་ཆེན་ཐངས་ཉི་ཤུ་བའི་སྙན་ཞུའི་སློབ་སྦྱོང་དང་དྲི་བ་བརྒྱ་རྩ། ཀློག་གྲངས། 23

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“ལག་ལེན་གྱི་རྨང་གཞིའི་ཐོག་རིགས་པའི་གཞུང་ལུགས་གསར་སྐྲུན་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་དགོས་ན། སྔོན་ལ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་དགོས་པ་དང་། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་རྒྱུན་འཁྱོངས་དང་བེད་སྤྱོད་ཡག་པོ་བྱེད་དགོས།” དེའི་ཐད་སྙན་ཞུའི་ནང་ཕྱོགས་དྲུག་ནས་ཕྱོགས་བསྡུས་དང་རྒྱས་བཤད་བྱས་ཡོད་པ་སྟེ། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་དང་། རང་རྟོན་རང་སྤེལ་རྒྱུན་འཁྱོངས། བདེན་སྲུང་གསར་སྐྲུན་རྒྱུན་འཁྱོངས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས། གནམ་འོག་སེམས་ལ་བཅངས་པ་རྒྱུན་འཁྱོངས་བྱེད་དགོས་པ་ནན་བཤད་བྱས་ཡོད།

དང་པོ། མི་དམངས་བླ་ན་མེད་པ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས། མི་དམངས་རང་བཞིན་ནི་མར་ཁེ་སི་རིང་ལུགས་ཀྱི་ངོ་བོའི་ཁྱད་ཆོས་རེད། ང་ཚོ་ཏང་གི་རིགས་པའི་གཞུང་ལུགས་ལ་མི་དམངས་དུང་ཕྱུར་མང་པོའི་གོང་བཀུར་ཐོབ་པའི་རྒྱུ་མཚན་ནི་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ཀྱི་ཁྲོད་ནས་བྱུང་བ་དང་། མི་དམངས་ཀྱི་ཆེད་དུ་ཡིན་པ། མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་ཀྱི་རིགས་པའི་གཞུང་ལུགས་ཤིག་ཡིན། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱ་རྒྱུ་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཁྲོད་ཁྱབ་པའི་དམར་ཐིག་ཅིག་རེད། ལག་ལེན་གྱི་རྨང་གཞིའི་སྟེང་མུ་མཐུད་རིགས་པའི་གཞུང་ལུགས་གསར་སྐྲུན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་མི་དམངས་བླ་ན་མེད་པའི་གཞི་རྩའི་རིན་ཐང་ལྟ་བ་འདི་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། མི་དམངས་ཀྱི་ལངས་ཕྱོགས་བརྟན་པ་དང་། མི་དམངས་ཀྱི་རེ་འདོད་ཁོང་དུ་ཆུད་པ། མི་དམངས་ཀྱི་གསར་གཏོད་ལ་བརྩི་འཇོག་བྱེད་པ། མི་དམངས་ཀྱི་བློ་གྲོས་གཅིག་བསྡུས་བཅས་བྱས་ཏེ། མི་དམངས་དགའ་བ་དང་། མི་དམངས་ཀྱིས་ཁས་ལེན་པ། མི་དམངས་ལ་དབང་བའི་རིགས་པའི་གཞུང་ལུགས་ཤིག་གྲུབ་པ་དེ་མི་དམངས་ཀྱིས་འཛམ་གླིང་ལ་ངེས་འཛིན་དང་འཛམ་གླིང་བསྒྱུར་བཀོད་བྱེད་པར་ཁྲིད་སྟོན་བྱེད་པའི་བསམ་བློའི་མཚོན་ཆ་སྟོབས་ལྡན་ཞིག་ཏུ་འགྱུར་བར་བྱེད་དགོས།

གཉིས་པ། ངེས་པར་དུ་རང་རྟོན་རང་སྤེལ་རྒྱུན་འཁྱོངས་བྱེད་དགོས། རང་རྟོན་ནི་ང་ཚོ་ཏང་གི་དུས་ཡུན་རིང་པོའི་འཐབ་རྩོད་ཁྲོད་ནས་ཞུན་བརྡར་བྱས་པའི་སྙིང་སྟོབས་ཀྱི་ཉམས་འགྱུར་ཞིག་དང་། རང་སྤེལ་ནི་ང་ཚོས་ཏང་དང་རྒྱལ་ཁབ་འཛུགས་པའི་རྩ་དོན་གལ་ཆེན་ཞིག་ཡིན། ཏང་གིས་ལོ་ངོ་བརྒྱ་ཕྲག་རིང་འབད་འཐབ་བྱེད་པའི་གཞི་རྩའི་གནད་ས་ནི་ཀྲུང་གོའི་གནད་དོན་དེ་ངེས་པར་དུ་ཀྲུང་གོ་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་དང་འབྲེལ་ནས་ཀྲུང་གོ་བ་རང་ཉིད་ཀྱིས་ལན་འདེབས་དགོས་པ་དེ་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་རང་བཙན་རང་བདག་འཚོལ་ཞིབ་དང་ལག་ལེན་གྱི་སྙིང་སྟོབས་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་པར་བྱས་ཡོད་པ་དང་། རང་ཉིད་ཀྱི་ལམ་བུའི་སྟེང་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པའི་ཆོད་སེམས་དང་ཡིད་ཆེས་བརྟན་པོ་བརྒྱུད་ཡོད། མར་ཁེ་སི་རིང་ལུགས་ཀྱི་དད་སེམས་བརྟན་པོ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་བརྟན་པོ་རྒྱུན་འཁྱོངས་བྱས་ནས་བགྲོད་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་ཇེ་བརྟན་དུ་བཏང་སྟེ། སྔར་ལས་དགེ་མཚན་ལྡན་པའི་ལོ་རྒྱུས་ཀྱི་འགན་འཁྲི་དང་གསར་གཏོད་སྙིང་སྟོབས་ལ་བརྟེན་ནས་མར་ཁེ་སི་རིང་ལུགས་འཕེལ་རྒྱས་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པ་ལས། གྲུ་ཐོག་ནས་རལ་གྲི་འཚོལ་བ་དང་བཀག་སྡོམ་རེངས་འགྱུར་བྱེད་མི་རུང་ལ་འདྲ་བཤུས་ཀྱང་བྱེད་མི་རུང་།

གསུམ་པ། ངེས་པར་དུ་བདེན་སྲུང་གསར་སྐྲུན་རྒྱུན་འཁྱོངས་བྱེད་དགོས། ང་ཚོས་སྒྲུབ་བཞིན་པ་ནི་སྔར་སྒྲུབ་མ་མྱོང་བའི་རླབས་ཆེན་གྱི་བྱ་གཞག་ཡིན་ཞིང་། བདེན་སྲུང་གིས་ད་གཟོད་ཁ་ཕྱོགས་མི་ནོར་བ་དང་རྩ་སློག་རང་བཞིན་གྱི་ནོར་འཁྲུལ་མི་བཟོ་ལ། གསར་སྐྲུན་བྱས་ན་གཞི་ནས་དུས་རབས་ཁོང་དུ་ཆུད་ཐུབ་པ་དང་དུས་རབས་ཀྱི་སྣེ་ཁྲིད་བྱེད་ཐུབ། བདེན་སྲུང་དང་གསར་སྐྲུན་ནི་གཅིག་ལ་གཅིག་བརྟེན་ཡིན་པས།“འགྱུར་བ”དང་“མི་འགྱུར་བ”དང་། རྒྱུན་འཛིན་དང་འཕེལ་རྒྱས། རྩ་དོན་རང་བཞིན་དང་གསར་གཏོད་རང་བཞིན་གྱི་རྩོད་སྒྲུབ་གཅིག་གྱུར་མཚོན་པ་དང་། དེ་ནི་ཏང་གི་བསམ་བློའི་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པའི་ནང་གནས་ཀྱི་བླང་བྱ་དང་འབྲེལ་ཡོད། ཚན་རིག་ལྟར་ཚན་རིག་ལ་ལྟ་སྟངས་འཛིན་པ་དང་བདེན་དོན་གྱི་སྙིང་སྟོབས་ལ་བརྟེན་ནས་བདེན་དོན་བརྩོན་ལེན་བྱེད་དགོས་ལ། མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པར་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་བཅས་བྱས་ཏེ། དུས་རབས་ཀྱི་གོམ་སྟབས་རྗེས་སུ་དམ་པོར་བསྙེགས་པ་དང་། ལག་ལེན་གྱི་འཕེལ་རྒྱས་དང་བསྟུན་པ། ལྷག་བསམ་ཟོལ་མེད་ཀྱིས་བྱ་དངོས་གསར་བ་མཐའ་དག་ལ་ལྟ་སྟངས་ཡང་དག་བཟུང་སྟེ། ངོས་འཛིན་གྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ་དང་། སྔོན་རབས་པས་བཤད་མྱོང་མེད་པའི་སྐད་ཆ་གསར་པ་ཤོད་ཕོད་པ། སྔོན་རབས་པས་སྒྲུབ་མྱོང་མེད་པའི་བྱ་བ་སྒྲུབ་ཕོད་པ། རིགས་པའི་གཞུང་ལུགས་གསར་པས་ལག་ལེན་གསར་པར་མཛུབ་ཁྲིད་བཅས་བྱེད་དགོས།

བཞི་བ། གནད་དོན་གྱི་ཁྲིད་ཕྱོགས་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས། གནད་དོན་ནི་དུས་རབས་ཀྱི་སྐད་སྒྲ་ཡིན་པས། གནད་དོན་ལ་ལན་འདེབས་དགོས་པར་མ་ཟད་གནད་དོན་ཐག་གཅོད་ལ་མཛུབ་སྟོན་བྱེད་རྒྱུ་ནི་རིགས་པའི་གཞུང་ལུགས་ཀྱི་རྩ་བའི་ལས་འགན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།“དུས་རབས་རེ་རེར་རང་ཉིད་ཀྱི་གནད་དོན་ཡོད་པས། ཚན་རིག་དང་མཐུན་པའི་སྒོ་ནས་གནད་དོན་དེ་དག་ངོས་འཛིན་དང་། ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པ། ཡང་དག་པའི་སྒོ་ནས་གནད་དོན་དེ་དག་ཐག་གཅོད་བྱས་ཚེ། ང་ཚོའི་སྤྱི་ཚོགས་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་ཐུབ།” གནད་དོན་གྱི་འདུ་ཤེས་འཛིན་ཤུགས་ངེས་པར་དུ་ཆེ་རུ་གཏོང་བ་དང་། དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་དང་ཤེས་ཚོར་རྣོན་པོའི་ལྟ་བ་འཛིན་པ། ལག་ལེན་ཁྲོད་འཕྲད་པའི་གནད་དོན་གསར་པ་དང་། བཅོས་སྒྱུར་དང་འཕེལ་རྒྱས་བརྟན་འཇགས་ཁྲོད་གནས་པའི་གཏིང་རིམ་གྱི་གནད་དོན། མི་དམངས་མང་ཚོགས་བྲེལ་བ་དང་། དཀའ་བ། སེམས་ཁུར་ཆེ་བ། རེ་སྒུག་བྱེད་པའི་གནད་དོན། རྒྱལ་སྤྱིའི་འགྱུར་ལྡོག་ཁྲོད་ཀྱི་གནད་དོན་གལ་ཆེན། ཏང་འཛུགས་སྐྲུན་གྱི་མདུན་དུ་ལྷགས་པའི་འབུར་ཐོན་གནད་དོན་སོགས་ལ་དམིགས་ནས། གནད་དོན་དངོས་གནས་ཐག་གཅོད་བྱེད་པའི་འདུ་ཤེས་གསར་པ་དང་། བསམ་ཕྱོགས་གསར་པ། བྱེད་ཐབས་གསར་པ་བཅས་རྒྱུན་མི་ཆད་པར་བཏོན་ནས་བྱ་གཞག་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་རྒྱུན་མི་ཆད་པར་གཏོད་དགོས།

ལྔ་བ། མ་ལག་གི་འདུ་ཤེས་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས། མ་ལག་གི་འདུ་ཤེས་ནི་རྩོད་སྒྲུབ་དངོས་གཙོ་རིང་ལུགས་ཀྱི་ཤེས་རྟོགས་ཀྱི་རྣམ་བཤད་དང་བརྟག་ཐབས་སྨྲ་བ་གལ་ཆེན་ཞིག་དང་། རྨང་གཞིའི་རང་བཞིན་ལྡན་པའི་བསམ་བློ་དང་བྱ་བའི་བྱེད་སྟངས་ཤིག་རེད། རང་རྒྱལ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་དང་། སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་ཡོད་ཅིང་། གཏིང་ཟབ་ཅིང་རྒྱ་ཆེ་བའི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཞིག་བརྒྱུད་བཞིན་ཡོད་པས། བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་དང་ཁེ་ཕན་འབྲེལ་བ་ལེགས་སྒྲིག་བྱེད་པ་དེ་གཅིག་ལ་གཅིག་བརྟེན་དུ་གནས་ཡོད། ལོ་རྒྱུས་བརྒྱུད་དེ་དོན་དངོས་ལ་ལྟ་བ་དང་། སྣང་ཚུལ་བརྒྱུད་དེ་ངོ་བོར་ལྟ་མཁས་པོ་བྱས་ཏེ། ཕྱོགས་ཡོངས་དང་ཆ་ཤས་བར་དང་། དེང་སྐབས་དང་ཡུན་རིང་བར། སྤྱི་ཁོག་དང་བྱེ་བྲག་བར། འགལ་བ་གཙོ་བོ་དང་འགལ་བ་ཕལ་བའི་བར། དམིགས་བསལ་དང་སྤྱིར་བཏང་བར་གྱི་འབྲེལ་བ་བཅས་ཁོང་དུ་ཆུད་པར་བྱས་ནས་འཐབ་ཇུས་ཀྱི་བསམ་གཞིགས་དང་། ལོ་རྒྱུས་ཀྱི་བསམ་གཞིགས། རྩོད་སྒྲུབ་ཀྱི་བསམ་གཞིགས། མ་ལག་གི་བསམ་གཞིགས། གསར་སྐྲུན་གྱི་བསམ་གཞིགས། ཁྲིམས་སྐྱོང་གི་བསམ་གཞིགས། གཞི་ཐིག་གི་བསམ་གཞིགས་ནུས་པ་བཅས་མུ་མཐུད་མཐོར་འདེགས་བཏང་སྟེ། རྒྱང་རིང་རང་བཞིན་གྱིས་བསམ་གཞིགས་གཏོང་བ་དང་། ཕྱོགས་ཡོངས་རང་བཞིན་གྱིས་འཆར་འགོད་བྱེད་པ། སྤྱི་ཡོངས་རང་བཞིན་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སོ་སོའི་ཐད་ལ་ཚན་རིག་བསམ་བློའི་བྱེད་ཐབས་འདོན་སྤྲོད་བྱེད་པར་སྐུལ་འདེད་གཏོང་དགོས།

དྲུག་པ། ངེས་པར་དུ་གནམ་འོག་སེམས་ལ་བཅངས་པ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོ་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་བརྩོན་ལེན་དང་། ཀྲུང་ཧྭ་མི་རིགས་ཀྱི་ཆེད་དུ་བསྐྱར་དར་བརྩོན་ལེན་བྱེད་པའི་ཏང་ཞིག་ཡིན་ལ། མིའི་རིགས་ཀྱི་གོང་འཕེལ་བརྩོན་ལེན་དང་། འཛམ་གླིང་ལ་སྤྱི་སྙོམས་ཆེན་པོ་བརྩོན་ལེན་བྱེད་པའི་ཏང་ཞིག་ཀྱང་ཡིན། ལོ་བརྒྱའི་རིང་ལ་འབད་འཐབ་བྱས་པ་བརྒྱུད། ང་ཚོ་ཏང་གིས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་མིག་རྒྱང་ཐོག་ནས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་དོ་ཁུར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ་དང་མིའི་རིགས་ཡར་ཐོན་ཡོང་བའི་ཕྱོགས་སུ་ལངས་ཡོད། འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་བྱུང་བར་ཁ་གཏད་དེ། ང་ཚོས་འཛམ་གླིང་ལ་ལྟ་བའི་མིག་རྒྱང་རྒྱ་སྐྱེད་དགོས་པ་དང་། མིའི་རིགས་ཀྱི་འཕེལ་རྒྱས་དང་ཡར་ཐོན་གྱི་འཕེལ་ཕྱོགས་གཏིང་ཟབ་པའི་སྒོ་ནས་ཤེས་པར་བྱེད་པ། རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་ཡོངས་ཁྱབ་ཏུ་སེམས་ཁུར་བྱེད་པའི་གནད་དོན་ལ་ཧུར་ཐག་གིས་ལན་འདེབས་པ་བཅས་བྱས་ཏེ། མིའི་རིགས་ཀྱི་མདུན་དུ་ལྷགས་པའི་ཐུན་མོང་གི་གནད་དོན་ཐག་གཅོད་བྱེད་ཆེད་སྟོབས་ཤུགས་འབུལ་དགོས་པ་དང་། བློ་ཁོག་ཡངས་པོས་མིའི་རིགས་ཀྱི་ཕུལ་བྱུང་དཔལ་ཡོན་གྱི་གྲུབ་འབྲས་མཐའ་དག་དཔྱད་གཞིར་འཛིན་པ་དང་བསྡུ་ལེན་བྱས་ནས་སྔར་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།

“ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་དྲུག”གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་སྲོག་ཤིང་དུ་གྱུར་པའི་བླང་བྱ་མཚོན་པ་དང་། ལག་ལེན་གྱི་ཁྲོད་དུ་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ཡུལ་ཁམས་གསར་པ་མུ་མཐུད་དུ་བཏོད་པར་ངེས་པར་བརྩི་སྲུང་བྱ་དགོས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ། ངེས་པར་རྒྱུན་འཁྱོངས་དང་བཀོལ་སྤྱོད་ལེགས་པོ་བྱེད་དགོས་པའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་མངོན་པར་བྱས་ཡོད་པ་རེད། ཏང་ཡོངས་ཀྱིས་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་ཇེ་དྲག་ཏུ་བཏང་ནས་རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། བྱ་བར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་ནང་དོན་ཕུན་སུམ་ཚོགས་པ་དང་། བསམ་བློའི་མ་ལག ལག་ལེན་གྱི་བླང་བྱར་གོ་བ་བླངས་ཏེ། དགོངས་པ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཕྱོགས་སོ་སོའི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་དོན་འཁྱོལ་བྱེད་དགོས།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།