དྲི་བ་བཅུ་བཞི། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་དང་ལས་འགན་ལ་གོ་བ་ཇི་ལྟར་ལེན་དགོས།
2022.12.13 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 25

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས“ད་ལྟ་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་།  བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་ཡིན”ཞེས་བསྟན་ཡོད། འདི་ནི་ང་ཚོའི་ཏང་གིས་གཟབ་ནན་ངང་ཁྱབ་བསྒྲགས་བྱས་པ་ཞིག་དང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་འབད་འབུངས་ཡར་བརྩོན་གྱིས་སྐྱོད་ལམ་གསར་པར་ཞུགས་པ་དང་དུས་རབས་གསར་པར་བྱས་རྗེས་བསྐྲུན་པའི་སྐུལ་སློང་གི་བཀའ་རྒྱ་ཞིག་རེད།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནས་བཟུང་། ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་འབད་འཐབ་བྱས་པ་ཡོད་ཚད་ནི། རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་དམངས་བདེ་སྐྱིད་ལྡན་པ་མངོན་འགྱུར་བྱེད་ཆེད་དང་། རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཆེད་ཡིན་པ་རེད།

ཏང་དང་མི་དམངས་ཀྱིས་བསྟུད་མར་འབད་འཐབ་བྱས་པ་བརྒྱུད། ང་ཚོས་དུས་བཅད་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཚར་བ་དང་།  བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་ཞིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་བའི་ཐོག་སྐྱོད་པ་དང་།  བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད། ངེས་པར་དུ་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་དམ་འཛིན་བྱས་ནས།  སྟོབས་ཤུགས་ཡོད་ཚད་གཅིག་སྡུད་དང་། འགོག་རྐྱེན་མཐའ་དག་སེལ་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རང་ཉིད་ཀྱི་ལམ་བུར་བསྐྱོད་པ་རྒྱུན་འཁྱོངས་བྱེད་པའི་རླབས་ཆེན་གྱི་གསར་གཏོད་ཞིག་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་དུ་ཡུན་རིང་འཚོལ་ཞིབ་དང་ལག་ལེན་བྱས་པའི་རྨང་གཞིའི་ཐོག ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་རིགས་པའི་གཞུང་ལུགས་དང་ལག་ལེན་ཐད་གསར་གཏོད་འགག་སྒྲོལ་བྱས་པ་བརྒྱུད། ང་ཚོའི་ཏང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བདེ་བླག་ངང་སྐུལ་འདེད་དང་རྒྱ་སྐྱེད་བཏང་ཡོད།   ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱལ་ཁབ་སོ་སོའི་དེང་རབས་ཅན་གྱི་ཐུན་མོང་གི་ཁྱད་ཆོས་ཡོད་ལ།   རྒྱལ་ཁབ་རང་གི་གནས་ཚུལ་ལ་གཞིགས་པའི་ཀྲུང་གོའི་ཁྱད་ཆོས་དེ་བས་ཡོད་པས།  མི་གྲངས་ཀྱི་གཞི་ཁྱོན་ཧ་ཅང་ཆེ་བའི་དེང་རབས་ཅན་དང་། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བའི་དེང་རབས་ཅན། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན། ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པའི་དེང་རབས་ཅན་བཅས་ཡིན།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་ནི། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། མི་དམངས་ཀྱི་བསམ་པའི་འཇིག་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བ་མངོན་འགྱུར་བྱེད་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་པ་གསར་གཏོད་བྱེད་རྒྱུ་བཅས་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ་ཡིས། ང་ཚོའི་ཏང་གི་དམིགས་ཡུལ་དང་འགན་འཁྲི་གཅིག་བསྡུས་ཀྱིས་མཚོན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་གཏིང་ཟབ་སྒོས་མཚོན་པ། འཛམ་གླིང་ཐོག་གི་ཕན་འབྲས་ལྡན་པའི་དཔལ་ཡོན་གྱི་གྲུབ་འབྲས་མཉམ་འདྲེས་བསྡུ་ལེན་བྱས་པ།  འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་ཐབས་ལམ་རྒྱ་ཆེར་བཏང་བ། འཛམ་གླིང་ཐོག་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་འདོད་ཀྱི་རེ་བ་བྱེད་ལ་རང་ཉིད་ཀྱི་རང་ཚུགས་རང་བཞིན་ཡང་རྒྱུན་འཁྱོངས་བྱེད་འདོད་ཀྱི་རེ་བ་བཅངས་བའི་རྒྱལ་ཁབ་དང་མི་རིགས་ལ་གདམ་ག་གསར་བ་འདོན་སྤྲོད་བྱས་ཡོད། ང་ཚོས་རང་ཉིད་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་བཏང་ནས་འབད་འབུངས་ཡར་བརྩོན་གྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཐད“གོམ་རིམ་གཉིས་སུ་ཕྱེ་ནས་བསྐྱོད་པའི”སྤྱིའི་འཐབ་ཇུས་ཀྱི་བཀོད་སྒྲིག་གསལ་བོ་བྱས་པ་སྟེ། 2020ལོ་ནས2035ལོའི་བར་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་དང་། 2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། དཔལ་ཡོན།  འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་བསྐྲུན་རྒྱུ་དེ་རེད།  ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གོམ་རིམ་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་སྤྱི་ཁོག་ནས་རྒྱང་ལྟ་བྱས་པ་དང་། མ་འོངས་བའི་ལོ་ལྔའི་རིང་གི་འཐབ་ཇུས་ལས་འགན་དང་བྱེད་ཐབས་གལ་ཆེན་གཙོ་གནད་དུ་བཟུང་ནས་བཀོད་སྒྲིག་བྱས་ཡོད། ལོ5ཡི་རིང་འཕེལ་རྒྱས་གཏོང་རྒྱུ་དེ་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པས། དོ་སྙོམས་མིན་པ་དང་འཐུས་ཚང་མིན་པའི་འཕེལ་རྒྱས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དམ་འཛིན་ནན་མོ་བྱས་ནས།  མི་འདང་ས་ཁ་གསབ་དང་། ཞན་ཆ་སེལ་བ། རྨང་གཞི་སྲ་བརྟན་དུ་གཏོང་པ། ལེགས་ཆ་འདོན་སྤེལ་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་སྟེ་གནད་དོན་ཐག་གཅོད་བྱེད་པའི་བསམ་ཕྱོགས་གསར་པ་དང་བྱེད་ཐབས་གསར་པ་ཞིབ་འཇུག་བྱས་ནས་འདོན་དགོས།

ད་ལྟ་ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་མངོན་འགྱུར་བྱེད་པར་སྔར་ལས་ཐག་ཉེ་བ་དང་།  སྔར་ལས་ཡིད་ཆེས་དང་ནུས་པ་ལྡན་ཡོད།  དུས་མཚུངས་སུ།  ང་ཚོའི་ཏང་འོད་སྟོང་འཕྲོ་བའི་ལོ་ངོ་བརྒྱར་བསྐྱོད་ཟིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་སྟེ་བབ་བསྟུན་མདུན་སྐྱོད་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་འགོར་འགྱངས་མི་བྱེད་པ་དང་བར་མཚམས་མི་འཇོག་པར་འགན་ལེན་ཏན་ཏིག་བྱེད་པའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པ་ངེས་པར་དུ་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་པར་བྱེད་དགོས་ལ།    ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ནི་ལས་སླ་པོར་འགྲུབ་ཐུབ་པ་ཞིག་གཏན་ནས་མིན་པ་དང་། རྔ་དུང་དར་འཕྱར་གྱིས་མངོན་འགྱུར་ཐུབ་པ་ཞིག་ཀྱང་གཏན་ནས་མིན་པས། མདུན་སྐྱོད་ཀྱི་ལམ་བུའི་ཐོག་སྔར་བཞིན་སྔོན་དཔག་ཐུབ་པ་དང་སྔོན་དཔག་བྱེད་དཀའ་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་གནས་ཡོད་པ་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་པར་བྱེད་དགོས། རང་རྒྱལ་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་པ་དང་། རང་རྒྱལ་ནི་སྔར་བཞིན་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པ་དང་། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་མི་དམངས་ཀྱི་ཉིན་བཞིན་འཕེལ་རྒྱས་འགྲོ་བའི་དགའ་སྐྱིད་འཚོ་བའི་དགོས་མཁོ་དང་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་འཕེལ་རྒྱས་བར་གྱི་འགལ་བ་ཡིན་པ་ངེས་པར་དུ་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་པར་བྱེད་དགོས། ལོ་ངོ་བརྒྱའི་འཕོ་འགྱུར་དང་དུས་རབས་ཀྱི་རིམས་ནད་ཕན་ཚུན་འདྲེས་ནས་གནས་པ་དང་། འཛམ་གླིང་འདི་ཉིད་ཟིང་ཟིང་དང་འཕོ་འགྱུར་གྱི་དུས་སྐབས་གསར་པར་སླེབས་པ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་འགྲན་སློང་དྲག་པོ་འཕྲད་པ། ཕྱི་རོལ་གྱི་ཁོར་ཡུག་སྔར་ལས་བརྟན་འཇགས་མིན་པ་དང་ངེས་གཏན་མེད་པ། རང་རྒྱལ་གྱི་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་ཁོར་ཡུག་གསར་པ་འཕྲད་པ་བཅས་ལ་ངེས་པར་དུ་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་པར་བྱ་དགོས།  བསམ་གཞིགས་དེ་འདྲ་བྱས་པར་བརྟེན་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས།  ངེས་པར་དུ་ཉེན་འབྱུང་གི་འདུ་ཤེས་འཛིན་ཤུགས་ཇེ་དྲག་ཏུ་གཏོང་བ་དང་།  མཐའ་ཚད་ཀྱི་བསམ་གཞིགས་རྒྱུན་འཁྱོངས་བྱེད་པ། བདེ་དུས་ཉེན་དྲན་དང་མ་འོངས་སྔོན་ཟོན་བྱས་ཏེ། རྦ་རླབས་དྲག་པོ་དང་ཐ་ན་ཉེན་ཁ་འཇིགས་སུ་རུང་བ་བཅས་ཀྱི་ཉམས་སད་ཆེན་པོ་ཐེག་ཐུབ་པའི་གྲ་སྒྲིག་བྱེད་དགོས་ལ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་རྒྱུན་འཁྱོངས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས། བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་སོགས་ཀྱི་རྩ་དོན་གལ་ཆེན་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། བཀག་སྡོམ་དང་འཕེལ་རྒྱུན་ཆད་པའི་ལམ་རྙིང་དུ་མི་འགྲོ་ལ་དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་དུ་ཡང་མི་འགྲོ་བར། རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་དེ་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་རྨང་གཞིའི་ཐོག་འཇོག་པ་རྒྱུན་འཁྱོངས་དང་། ཀྲུང་གོ་འཕེལ་རྒྱས་དང་ཡར་ཐོན་གྱི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་པ་རྒྱུན་འཁྱོངས་བྱེད་དགོས་པ་ནན་གྱིས་བསྟན་ཡོད།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།