གཞི་རིམ་བཅོས་སྐྱོང་བྱ་བ་སྔར་ལས་ལེགས་པོར་བསྒྲུབ་དགོས།
2022.12.14 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 27

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་གངས་རི་ལམ་སྡེ་ཁུལ་ལྷོ་མའི་འགལ་ཟླ་འདུམ་འགྲིག་ཚན་ཆུང་གིས་ཐིགས་ཆུ་ཟེགས་པའི་དབང་གིས་ཁྱིམ་མཚེས་བར་ལ་འགལ་བ་བྱུང་བ་དང་། ཁྱིམ་ཚང་ནང་ཁུལ་དུ་རྩོད་གླེང་བྱུང་བ། ཁང་བདག་གཞིས་ལས་ཞབས་ཞུ་ལ་ཡིད་མ་ཚིམས་པར་ཁ་རྩོད་བྱུང་བ་སོགས་ཀྱི་འགལ་བ་དང་རྩོད་གཞི་སྣ་ཚོགས་བྱུང་བའི་སྐབས་སུ། ཁོ་ཚོ་དུས་ཚོད་དང་པོའི་ནང་ཡུལ་དངོས་སུ་སོང་ནས་འགལ་བ་སེལ་རོགས་བྱས་པར་མ་ཟད། ཕྱོགས་གཉིས་ཀའི་བསམ་ཚུལ་དང་བསྟུན་ནས་སེམས་ཁམས་སྙོམས་སྒྲིག་བྱེད་བཞིན་ཡོད། འགལ་ཟླ་འདུམ་འགྲིག་ཚན་ཆུང་གི་ཚན་གཙོའི་འགན་འཁུར་བཞིན་པའི་སྐལ་བཟང་སྒྲོལ་མའི་སེམས་སུ། བརྩེ་སེམས་དང་ནུས་པ་ཡོད་རྒུ་བཏོན་ནས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དང་། ཞབས་འདེགས་ལ་མཐའ་མེད་པ་གསལ་པོར་རྟོགས་ཡོད།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་དུ། “རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་སྲུང་སྐྱོབ་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་གཏོང་དགོས་པ་དང་། མི་དམངས་ཀྱི་ཆེས་སེམས་ཁུར་དང་ཆེས་ཐད་ཀར་དང་ཆེས་མངོན་སུམ་བཅས་ཀྱི་ཁེ་ཕན་གནད་དོན་དམ་འཛིན་ཡག་པོ་བྱེད་པ། གང་ཐུབ་ཅི་ཐུབ་དང་རང་ནུས་ཅི་ལྕོགས་བྱེད་པ། མང་ཚོགས་ཀྱི་ཁྲོད་དང་གཞི་རིམ་དུ་ཟབ་ཞུགས་བྱེད་པ། དམངས་ཚིས་ལ་ཕན་པ་དང་དམངས་སེམས་ལ་དྲོད་ཁོལ་སྦྱིན་པའི་བྱེད་ཐབས་སྔར་ལས་མང་པོ་སྤྱོད་པ་བཅས་ཀྱིས་མི་དམངས་མང་ཚོགས་ཆེས་བྲེལ་བ་དང་། དཀའ་བ། སེམས་ཁུར་ཆེ་བ། རེ་སྒུག་བྱེད་པའི་གནད་དོན་ཐག་གཅོད་ལེགས་པོ་བྱེད་དགོས” ཞེས་བསྟན་ཡོད་པ་ནང་བཞིན། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་། སྡེ་ཁུལ་གྱི་ལས་བྱེད་མི་སྣ་ཡོངས་ཀྱི་དད་སེམས་སྔར་ལས་ཇེ་བརྟན་དུ་བཏང་ནས། མང་ཚོགས་ལ་ཞབས་འདེགས་ཞུ་བའི་རྣམ་དག་གི་སེམས་པ་རེ་རེར་སླར་ཡང་གསོན་ཤུགས་རྒྱས་སུ་བཅུག་པ་དང་། ཁོ་ཚོ་དུས་རབས་གསར་པ་དང་སྐྱོད་ལམ་གསར་བའི་སྟེང་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པར་སྐུལ་འདེད་བཏང་།

ཉེ་ལམ། “ང་ཚོས་འགལ་ཟླ་དང་རྩོད་གཞིར་ཞིབ་འཇུག་དང་བརྡར་གཅོད་སྒྲིག་སྲོལ་ནང་རྐྱེན་འཛུགས་དགོས”པ་དང “དྲིལ་སྒྲོག་བྱ་འགུལ་སྣ་ཚོགས་ཡིག་ཐོག་ནས་མངོན་སུམ་དུ་བསྒྱུར་དགོས”ཞེས་པའི་ཚོགས་འདུ་བསྡུས་པ་དང་། གངས་རི་ལམ་སྡེ་ཁུལ་ལྷོ་མའི་ཚོམས་ཆེན་དུ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཡུལ་དང་པོ་ནས་ཕྱིར་ལོག་མ་ཐག་པའི་སྐལ་བཟང་སྒྲོལ་མར་ངལ་གསོ་བྱེད་ཁོམ་ཙམ་ཡང་མ་བྱུང་བར། ཡང་བསྐྱར་ཟིན་བྲིས་ཀྱི་ཁ་ཕྱེས་ནས་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ཁྲོད་ཀྱི“འགལ་ཟླ་དང་རྩོད་གཞི་གཞི་རིམ་ནས་དུས་ཐོག་ཏུ་སེལ་བར་བྱེད་པ་དང་བྱུང་མ་ཐག་ནས་སེལ་བར་བྱེད་དགོས་པའི”སྐོར་གྱི་ནང་དོན་ལ་བློ་སེམས་རྩེ་གཅིག་གིས་སློབ་སྦྱོང་བྱེད་ཞོར་ཟིན་བྲིས་སུ་འགོད་ཀྱིན་འདུག མཚོ་སྔོན་མི་རིགས་སློབ་ཆེན་ཁྲིམས་ལུགས་ཆེད་ལས་ནས་མཐར་ཕྱིན་པ་དང་། འགལ་ཟླ་ཆུང་ཆུང་དུས་ཐོག་ཏུ་འདུམ་འགྲིག་བྱེད་མ་ཐུབ་པར་མཐའ་མཇུག་ཉེས་དོན་གྱོད་གཞིར་གྱུར་པའི་གྱོད་དཔེ་མང་པོར་བལྟས་མྱོང་བའི་མོ་རང་། བྱ་བར་ཞུགས་རྗེས་རྨ་ཆེན་རྫོང་གི་ཡུལ་ཚོ་དང་གྲོང་རྡལ7དང་སྡེ་བ21ནས་ཡོང་བའི་ཡུལ་གཞན་གནས་སྤོས་ཁྱིམ་ཚང་དང་། གནས་སྐབས་སྡོད་མི་དང་ཕྱི་ཡོང་མི་སྣ་སོགས་བསྡོམས་པས་མི་སྟོང་གསུམ་དང་བརྒྱད་བརྒྱ་ཡོད་པའི་སྡེ་ཁུལ་འདི་རུ་ཡོང་། ལོ་བཅུ་གཉིས་ཀྱི་རིང་ལ། སྡོད་དམངས་ཀྱི་འགལ་བ་དང་རྩོད་གཞི་ཛ་དྲག་ནས་ཞི་འཇགས་སུ་བཏང་བ་དང་། ཁྱིམ་མཚེས་བར་གྱི་འབྲེལ་བ“འཁོན་འཛིང་”ནས“འཆམ་མཐུན”རུ་བསྒྱུར་རྒྱུ་དེ་ནི་ཐོག་མཐའ་བར་གསུམ་དུ་ཁོ་མོས་འཚོལ་སྙེག་བྱེད་བཞིན་པའི་བྱ་བའི་དམིགས་འབེན་རེད།

“‘དྲ་མིག་ཅན་གྱི་དོ་དམ་དང་ཞིབ་ཕྲ་ཅན་གྱི་ཞབས་ཞུ། ཆ་འཕྲིན་ཅན་གྱི་འདེགས་སྐྱོར་བཅས་ཀྱི་གཞི་རིམ་བཅོས་སྐྱོང་སྟེགས་བུ་འཐུས་ཚང་དུ་གཏོང་དགོས’ཞེས་པའི་སྙན་ཞུའི་ནང་གི་གསུང་ཚིག་དེས་ང་ཚོར་ཁ་ཕྱོགས་གསལ་པོ་བསྟན།” སྐལ་བཟང་སྒྲོལ་མས་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་པ་དང་མཉམ་དུ། ཉེ་བའི་ལོ་གཉིས་རིང་གི་སྡེ་ཁུལ་གྱི་འགལ་ཟླ་དང་རྩོད་གཞིའི་རྩིས་ཐོར་དབྱེ་ཞིབ་ནན་མོ་ཐེངས་ཤིག་བྱས་ནས། སློབ་སྦྱོང་དང་ལག་ལེན་ཟུང་འབྲེལ་བྱས་པས། མོར་སླད་ཕྱིན་གྱི་འདུམ་འགྲིག་བྱ་བའི་ཐད་བསམ་ཚུལ་གསར་པ་ཞིག་བྱུང་ཞིང་། མོས“ཁ་ཐོར་གྱི་འདུམ་འགྲིག་བྱ་བ་དེ་མ་ལག་ཆ་ཚང་ཞིག་ཏུ་བསྒྱུར་བ་དང་། ཁྱིམ་ཚང་དུ་སོང་ནས་བཅར་འདྲི་བྱེད་སྐབས་ཤེས་པའི་འགལ་བ་དེ་དག་དུས་ཐོག་ཏུ་ལག་འཁྱེར་ཁ་པར་དུ་ཐོ་འགོད་བྱས། སྡོད་དམངས་ཀྱི་གནས་ཚུལ་ལ་ཆ་རྒྱུས་ཡོད་པའི་དྲ་མིག་ཅན་གྱི་དོ་དམ་པར་དབྱེ་ཞིབ་དང་བརྡར་གཅོད་ཀྱི་འགན་འཁུར་དུ་བཅུག་པ་དང་། ཆེད་བསྐོས་འདུམ་འགྲིག་པ་བཞག་ནས། འགལ་བ་བྱུང་རྗེས་ད་གཟོད་ནང་དུ་ཞུགས་པ་དེ་འགལ་བ་བྱུང་མ་ཐག་ནས་ནང་དུ་ཞུགས་པར་བསྒྱུར་བས། བརྡ་འཕྲིན་གཞི་གྲངས་མཛོད་བཙུགས་ནས་དོན་རྐྱེན་དང་གཙོ་གནད་མི་ཚོགས་ལ་གཞི་གྲངས་ཆེན་མོས་དབྱེ་ཞིབ་དང་ཚོད་དཔག་བརྡར་གཅོད་བྱེད་པ་མངོན་འགྱུར་བྱུང་།”

“ང་ནི་ཏང་ཡོན་རྒན་པ་ཞིག་ཡིན་པས། ངས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱས་པ་ཡིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་པའི་ནང་དོན་མི་ཉུང་བ་ཞིག་བཏོན་ཡོད། ང་ཚོའི་འཚོ་བ་སྔར་ལས་ཇེ་སྐྱིད་ནས་ཇེ་སྐྱིད་ཡིན་ངེས་ལ། ཁྱིམ་ཚང་སྔར་ལས་བརྩེ་བས་ཕྱུག་ཅིང་འཆམ་མཐུན་ཡོང་བར་ཡིད་ཆེས་ཡོད”ཅེས་སྡོད་དམངས་ཚེ་དོན་གྱིས་མྱོང་བ་ཟབ་མོས་དེ་ལྟར་བཤད།

སྡེ་ཁུལ་ནི་གཞི་རིམ་བཅོས་སྐྱོང་གི“མཇུག་མཐའི་སྤྱི་ལེ་གཅིག”དེ་ཡིན་ལ། ལྷག་པར་དུ་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་དགོས་མཁོ་སྐོང་མཁན་དང་དུས་རྒྱུན་གྱི་འགལ་བ་གཅིག་ཏུ་འདུ་སའི་སྡེ་ཚན་ཞིག་ཏུ་གྱུར་ཡོད། བཅར་འདྲི་བྱེད་སྐབས། གསར་འགོད་པར་ཚོར་སྣང་ཟབ་མོ་ཞིག་སྐྱེས་པ་ནི། གངས་རི་ལམ་སྡེ་ཁུལ་ལྷོ་མའི་གཞི་རིམ་བཅོས་སྐྱོང་བྱ་བའི་ཕན་འབྲས་དེ་ས་གནས་དེ་གའི་མང་ཚོགས་བློ་ཡིད་ཚིམ་ཚད་དང་ཁོ་ཚོའི་ཐོབ་སྣང་ལས་གསལ་པོར་མངོན་ཡོད།

འགལ་བ་སེལ་སྐབས“ཐག་ཉེ”ལ་བཏུད་པ་དང་གཞི་རིམ་གྱི་དམངས་གཙོའང་དེ་བས“ཐག་ཉེ”རུ་བཏུད་དགོས།

“ཚང་མའི་སྐད་ཆར་ཉན་པ་དང་། ཚང་མར་གྲོས་བསྡུར་བྱེད་པ། ཚང་མར་རང་བདག་བྱེད་དུ་བཅུག་སྟེ། སེམས་དང་སེམས་པའི་ཁ་ཐག་ཇེ་ཉེར་བཏང་ན། བྱ་བ་བསྒྲུབ་རྒྱུ་དེ་འདྲའི་དཀའ་མོ་མ་རེད།”

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་དུ། གཞི་རིམ་གྱི་དམངས་གཙོ་ཧུར་ཐག་གིས་འཕེལ་རྒྱས་བཏང་ནས། འགལ་བ་དང་རྩོད་གཞི་དུས་ཐོག་ཏུ་གཞི་རིམ་ནས་སེལ་བ་དང་། བྱུང་མ་ཐག་ནས་སེལ་དགོས་པར་བསྟན་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་དཔྱིད་རླུང་འཇམ་པོ་དལ་གྱིས་ལྡང་བས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོའི་སེམས་ཁོང་དུ་སྤྲོ་དགས་ཁེངས།

ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་གི“བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་བཏང་ནས། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་སྲུང་བྱེད་དགོས”ཞེས་བྲིས་ཡོད་པའི་ཤོག་ངོས་ཁ་ཕྱེས་ཏེ། “བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་ཀྱི་ངོ་བོའི་ཁྱད་ཆོས་ཡིན”ཞེས་པ་ནས“སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ལྷིང་འཇགས་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས”ཞེས་པའི་ཚིག་དུམ་གྱི་འོག་ཏུ་འཕྲེད་ཐིག་གསུམ་བྲིས་པ་དང་། གངས་རི་ལམ་སྡེ་ཁུལ་ལྷོ་མའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲང་ཞའོ་ཅང་གིས་ཉིན་འགའི་སྔོན་ལ་བསྒྲུབས་ཚར་མ་ཐག་པའི“དམངས་གཙོའི་དཔྱད་མོལ་ཏང་ཡོན་དཔྱད་འཇོག་རེའུ་མིག”དང་སྡེ་ཁུལ་གྱི་མང་ཚོགས་ལ་སྤྲད་པའི་དཔྱད་འཇོག་རེའུ་མིག་ལག་ཏུ་བཟུང་ནས་སྐད་ཆ་ཅི་ཡང་མི་བཤད་པར་ཅེར་ནས་བསྡད་འདུག

མ་གཞི་དཔྱད་འཇོག་རེའུ་མིག་སྟེང་གི“ཕུལ་བྱུང”འབྲི་སའི་འདེམས་བྱང་ནང་། ཀྲང་ཞའོ་ཅང་གི་མིང་མ་གཏོགས་མེད་ལ། འཕྲོ་མ་ཚང་མ་ཚད་མཐུན་གྱི་ནང་དུ་བཞག་འདུག མང་ཚོགས་ཀྱི་བསམ་འཆར་རེའུ་མིག་ནང་མང་ཚོགས་སུམ་ཅུ་ཙམ་གྱིས་མ་གྲོས་རང་མཐུན་ངང“མེད”ཅེས་ཁ་བསྐངས་ཡོད། མིང་ཕན་ཚུན་བསྡུར་ནས་ཤེས་རྟོགས་བྱུང་བ་ལྟར་ན། དཔྱད་འདེམས་ནང་ཞུགས་མཁན་གྱི་མང་ཚོགས་དེ་དག་ནི་སྡེ་ཁུལ་གྱི་ལས་བྱེད་མི་སྣ་དང་རྟག་ཏུ་འབྲེལ་བ་བྱེད་པའི་ངོ་ཤེས་རྙིང་པ་ཏག་ཏག་རེད།

དེ་ལས་ལས་ཀར་ཞུགས་མ་ཐག་ནས་སྡེ་ཁུལ་དུ་བྱ་བ་སྒྲུབ་པའི་ཀྲང་ཞའོ་ཅང་གིས་སྡེ་ཁུལ་གྱི་དམངས་གཙོ་དེ་དུས་རྒྱུན་ངོ་ཤེས་ཀྱི་ཁྲོད་དུ་འཁོར་གྱིན་ཡོད་པས། བྱ་བ་མང་པོ་ཞིག་རྒྱ་ཁྱབ་ཏུ་འགྲོ་ཐུབ་ཀྱིན་མེད་པ་རྟོགས་བྱུང་བས། ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་ཐེངས་དང་པོར་སློབ་སྦྱོང་བྱེད་སྐབས་ཁོས་མི་དམངས་དམངས་གཙོའི་ནང་དོན་གྱི་སར་སྨྱུ་གུས་འཕྲེད་རྟགས་ཤིག་བརྒྱབ་པ་དང་། ཁྱིམ་དུ་སོང་ནས་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་སྐབས་འབྲོག་པ་དག་གི“དམངས་གཙོའི་འདེམས་བསྐོ་ང་ཚོས་ཤེས་ཡོད། དེ་ནི་ང་ཚོས་འདེམས་ཤོག་བཟུང་ནས་སེམས་ནང་གི་ཧྲུའུ་ཅི་དང་ཀྲུའུ་རིན་གདམ་རྒྱུ་དེ་རེད་ལ། དམངས་གཙོ་གྲོས་མོལ་དང་། དམངས་གཙོའི་ཇུས་གཅོད། དམངས་གཙོ་དོ་དམ་སོགས་ནི་ཅི་ཞིག་རེད་དམ”ཞེས་པའི་དོགས་གཞི་ལ་ཁ་གཏད་དེ་ཁོས་ཐིག་ཕྲེང་གཉིས་པ་བྲིས་ཤིང་། ད་ལྟའི“བརྩེ་དུང་གིས་ཕྱུག་པའི”དཔྱད་འཇོག་རེའུ་མིག་རེ་རེ་ལ་བལྟ་བཞིན་ཁོས་ཐིག་ཕྲེང་གསུམ་པ་དེ་བྲིས།

“ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་། གཞི་རིམ་གྱི་ཐད་ཀའི་དམངས་གཙོའི་ལམ་ལུགས་ཀྱི་མ་ལག་དང་བྱ་བའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། བྱ་བ་ཡོངས་བསྒྲགས་ཀྱིས་སྒྲུབ་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། གཞི་རིམ་གྱི་ཚོགས་སྤྱི་སྣ་ཚོགས་གོ་རིམ་ལྡན་པའི་ངང་གཞི་རིམ་བཅོས་སྐྱོང་ནང་ཞུགས་པའི་ཐབས་ལམ་རྒྱ་ཆེར་གཏོང་བ། མི་དམངས་ཀྱིས་གཞི་རིམ་གྱི་སྤྱི་པའི་ལས་དོན་དང་སྤྱི་ཕན་བྱ་གཞག་ལ་ཁྲིམས་ལྟར་དོ་དམ་བྱེད་པར་འགན་སྲུང་བྱེད་དགོས་པར་བསྟན་ཡོད།”ཀྲང་ཞའོ་ཅང་གིས་གསར་འགོད་པར་བཤད་རྒྱུར། “གླ་རིན་བདེ་བའི་གཞིས་ཁུལ་གྱི་དམངས་གཙོའི་ཇུས་ཆོད་དེའི་ནང་ཞུགས་མཁན་ཕལ་ཆེར་ངོ་ཤེས་ཏག་ཏག་རེད། བསམ་འཆར་གཅིག་གྱུར་བྱུང་ཡོད་པ་དང་། དོན་དག་རྙོག་དྲ་ཅན་ཡང་ཇེ་ཉུང་དུ་ཕྱིན་ཡོད་མོད། འོན་ཀྱང་སྡོད་དམངས་ཀྱི་རང་ཁྱིམ་རང་བདག་བྱེད་པའི་ཁེ་དབང་འགན་སྲུང་གནད་ལ་འཁེལ་བ་ཞིག་བྱེད་ཐུབ་མེད། སྡེ་ཁུལ་གྱི་ལས་བྱེད་མི་སྣར་དཔྱད་འཇོག་བྱེད་པའི་དོན་ལ་བསྐྱར་དུ་བསམ་བློ་ཞིག་བཏང་ན། མང་ཚོགས་ཀྱིས‘བཟང་’ཞེས་པའི་ཡིག་འབྲུ་གཅིག་གིས་ཆོག་ཏུ་བཅུག་པ་དང་། ཡང་ན‘ཁྱོད་རང་ཉིད་ཀྱིས་ཕྲིས་ཤིག’ཅེས་པས་ཆོག་ཏུ་བཅུག་ཡོད། གཞི་རིམ་ནི་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་རྨང་གཞིའི་གནད་འགག་ཤིག་ཡིན་པ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་དངོས་འབེབས་དོན་འཁྱོལ་བྱེད་པའི་རྨང་གཞི་ཡིན་པས། ང་ཚོས་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱེད་པའི་ཁྲོད་དུ། དོན་དག་ཆེ་མ་ཆུང་གསུམ་གང་ཡིན་ཡང་ཧུར་ཐག་གིས་མང་ཚོགས་ཀྱི་སེམས་ལ་འབབ་པ་ཞིག་བསྒྲུབ་དགོས”ཟེར།

དེ་བས། “མི་དམངས་དམངས་གཙོ”ཞེས་པ་བརྗོད་དོན་ཡིན་པའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱ་འགུལ་དེ་གངས་རི་ལམ་སྡེ་ཁུལ་ལྷོ་མ་རུ་ཚ་ཚ་འུར་འུར་ངང་སྤེལ།

སྔོན་ཆད་སྡེ་ཁུལ་གྱི་བྱ་འགུལ་ནང་ཕལ་ཆེར་མི་ཞུགས་པའི་རྒན་པོ་རྡོ་ལྷ་སྡེ་ཁུལ་གྱི་ཚོམས་ཆེན་དུ་ཡོང་ནས་ལས་བྱེད་མི་སྣར་ཁོའི་ཁ་པར་ཨང་གྲངས་བཞག་པ་དང་མཉམ་དུ“ཚང་མས་གྲོས་བསྡུར་བྱེད་དགོས་པའི་དོན་དག་ཡོད་ཚེ་ཁ་པར་ཨང་གྲངས་འདིར་འབྲེལ་གཏུག་བྱོས་དང་། ང་རང་ངེས་པར་དུ་ཞུགས་རྒྱུ་ཡིན”ཞེས་མངགས་བཅོལ་བྱས། རྒན་པོ་རྡོ་ལྷས་སྡེ་ཁུལ་གྱི་ལས་བྱེད་མི་སྣ་ཧུང་ཧྭ་ལ་ང་རང་ལ་ནམ་ཡང་ཏང་དང་སྲིད་གཞུང་གི་ལྟ་སྐྱོང་ཟབ་མོ་ཐོབ་ཡོད་ལ། བྱ་བ་གང་ཞིག་སྒྲུབ་ཀྱང་མང་ཚོགས་ཀྱི་ཆེད་དུ་ཡིན་པ་ཤེས་ཡོད། སྒྲོག་འགྲེལ་ལ་ཉན་རྗེས་ལུགས་དང་མཐུན་པའི་བསམ་འཆར་འདོན་པ་དང་། ལྟ་སྐུལ་ནང་ཞུགས་པའི་དོན་དག་དེ་ནི་སྡེ་ཁུལ་དེ་ལས་ཡག་པོ་ཡོང་ཆེད་དུ་ཡིན་པ་ལས“རྙོག་དྲ་འཚོལ་བའི”ཆེད་དུ་མིན་པ་ཤེས་སོང་ཞེས་བཤད།

“ཨ་ཁུ། ཁྱེད་རང་ལོ་ན་ཆེ་བའི་སྟེང་ཤེས་རྒྱ་ཡོད་པས། དགོངས་འཆར་ཡོད་ན་ཐད་ཀར་བརྗོད་རོགས”ཞེས་ཧུང་ཧྭ་ཡིས་རྒན་པོར་དེ་ལྟར་བཤད།

ཧུང་ཧྭ་ཡིས་ད་དུང་གསར་འགོད་པར། དེ་སྔོན་པྲོག་གསར་གློ་ཚད་རིམས་ནད་བྱུང་སྐབས། སྡེ་ཁུལ་དུ་ལུས་པའི་རྒྱུན་སྡོད་མིན་པའི་མི་སྣ་ཞིག་ལ་སྡོད་གནས་དང་འཚོ་བའི་དངོས་རྫས་མེད་པས་སྡེ་ཁུལ་གྱིས་རོགས་སྐྱོབ་ཇུས་གཞི་བཏོན་པ་དང་། ཁོ་རང་གནས་སའི་གཞིས་ཁུལ་གྱི་ཁྱིམ་ཚང་དུ་སོང་ནས་བསམ་འཆར་བསྡུ་ལེན་བྱས་རྗེས། ཁོ་ལ་གནས་སྐབས་སྡོད་གནས་དང་དགོས་ངེས་ཀྱི་འཚོ་བའི་མཁོ་ཆས་མཁོ་འདོན་བྱས་པར་མ་ཟད། ད་དུང་སྡོད་དམངས་ཀྱིས་བཏོན་པའི་གྲོས་གཞི་ལྟར་རོགས་སྐྱོབ་ཇུས་གཞི་ཇེ་ལེགས་སུ་བཏང་སྟེ། རྒྱུན་མཐོང་ནད་ཀྱི་སྨན་རྫས་དང་ཉིན་རེའི་ཟས་ཐུན་གསུམ་པོ་བསྐྱལ་བ་ཡིན་ཟེར།

ཏང་གི་འཛུགས་སྐྲུན་གྱིས་ཕྱོགས་སོ་སོའི་སྟོབས་ཤུགས་རྡོག་རྩ་གཅིག་སྒྲིལ་དང་བློ་སེམས་གཅིག་ཏུ་སྒྲིལ་པར་སྣེ་ཁྲིད་བྱས་པས། མཐུན་སྒྲིལ་སྟོབས་ཤུགས་ཀྱིས་གཞི་རིམ་བཅོས་སྐྱོང་གི“མཇུག་མཐའི་སྤྱི་ལེ་གཅིག”སྔར་ལས་ཇེ་ལེགས་སུ་བཏང་ཡོད།

“དམངས་ཀྱི་རེ་འབོད་ལ་ངས་ཨ་ལན་སྟེར་གྱིན་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་མཛུབ་ཁྲིད་འོག་ང་ཚོས་བརྩེ་སེམས་ལ་བརྟེན་ནས་སྡོད་དམངས་ལ་ཞབས་འདེགས་ཞུ་བའི་དད་སེམས་སྔར་ལས་ཇེ་བརྟན་དུ་བཏང་བ་དང་། སྡོད་དམངས་ཀྱི་དགོས་མཁོར་གཞིགས་ཏེ། གང་ཐུབ་ཅི་ཐུབ་དང་རང་ནུས་ཅི་ལྕོགས་ཀྱིས། ཏང་ཡོན་གྱིས་སྣེ་ཁྲིད་དེ་སྡོད་དམངས་གཞི་རིམ་བཅོས་སྐྱོང་ནང་ཞུགས་པར་ཧུར་ཐག་སྒོས་སྐུལ་སློང་བྱེད་བཞིན་ཡོད། ཚང་མའི་དོན་དག་ཚང་མས་གྲོས་བསྡུར་དང་། ཚང་མས་སྒྲུབ་པ། ཚང་མས་དོ་དམ་བཅས་བྱེད་དགོས།”ཀྲང་ཞའོ་ཅང་གིས“ང་ཚོས་གཞི་རིམ་ཏང་རྩ་འཛུགས་ཀྱི་བཙན་རྫོང་ནུས་པ་དང་། ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྡོད་དམངས་ཀྱི་སྣེ་ཁྲིད་དེ། མཛེས་སྡུག་ལྡན་པའི་ཁོར་ཡུག་དང་བདེ་སྐྱིད་ཀྱི་འཚོ་བ་མཉམ་དུ་བསྐྲུན་རྒྱུ་དང་། སྤྱི་ཚོགས་ཀྱི་གཞི་རིམ་བཅོས་སྐྱོང་ནང་འདྲེས་པར་བྱས་ནས་མང་ཚོགས་ལ་སྔར་ལས་སྐྱིད་པའི་འཚོ་བ་རོལ་དུ་འཇུག་རྒྱུ་ཡིན”ཟེར། 

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།