སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རྒྱུན་ཆད་མེད་པར་རྒྱལ་ཁ་གསར་པ་ལེན་དགོས།
2022.12.18 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 11

 ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གླེང་བ།

ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པར་བསྐྱོད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་འགག་རྩའི་དུས་འདིར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལས་འགན་གསལ་པོར་བཏོན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འཐབ་ཇུས་ཀྱི་ཇུས་འགོད་བྱས་ཤིང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱི་ཡོངས་ཀྱི་བཀོད་པར་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ་སྐུལ་འདེད་གཏོང་བ་དང་།“ཁྱོན་ཡོངས་བཞི”ཡི་འཐབ་ཇུས་ཀྱི་བཀོད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས“ཏང་ཡོངས་ཀྱིས་ངེས་པར་དུ་ཡིད་ཆེས་བརྟན་གཏོང་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན།  རང་འགུལ་ངང་འགྱུར་ལྡོག་ལ་ངོས་འཛིན་དང་འགྱུར་ལྡོག་དང་བསྟུན་པ། རང་འགུལ་ངང་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རྒྱུན་ཆེད་མེད་པར་རྒྱལ་ཁ་གསར་པ་ལེན་དགོས”ཞེས་ནན་བཤད་གནང་ཡོད།

སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྤྱིའི་འཐབ་ཇུས་ཀྱི་བཀོད་སྒྲིག་ནི་གོམ་རིམ་གཉིས་སུ་ཕྱེ་ནས་བསྐྱོད་རྒྱུ་སྟེ། 2020ལོ་ནས2035ལོའི་བར་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུ་དང་།  2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་བསྐྲུན་རྒྱུ་དེ་རེད།  ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གོམ་རིམ་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་སྤྱི་ཁོག་ནས་རྒྱང་ལྟ་བྱས་ཏེ། 2035ལོར་སླེབས་སྐབས་རང་རྒྱལ་འཕེལ་རྒྱས་གཏོང་བའི་སྤྱིའི་དམིགས་འབེན་དང་མ་འོངས་བའི་ལོ5ཡི་དམིགས་འབེན་དང་ལས་འགན་གཙོ་བོ་གཏན་འཁེལ་བྱས་པ་རེད། མ་འོངས་བའི་ལོ5ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་རྩོམ་པའི་འགག་རྩའི་དུས་སྐབས་ཤིག་ཡིན་ཞིང་། ལོ5འདིའི་རིང་གི་འཕེལ་རྒྱས་ཡག་པོ་ཡོང་བར་བྱ་རྒྱུ་དེ་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་པར་གོ་བ་ཟབ་མོ་བླངས་སྟེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་དགོངས་དོན་སྟེང་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་དགོས།

ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ལས་འགན་ཨང་དང་པོ་ཡིན་པས། ངེས་པར་དུ་ཆ་ཚང་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས། སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣ་བཅས་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཡིན་པས། ངེས་པར་དུ་ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པ་དང་། ཤེས་ལྡན་མི་སྣ་ནི་ཐོན་ཁུངས་ཨང་དང་པོ་ཡིན་པ། གསར་སྐྲུན་ནི་སྒུལ་ཤུགས་ཨང་དང་པོ་ཡིན་པ་བཅས་རྒྱུན་འཁྱོངས་བྱས་ནས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཤེས་ལྡན་མི་སྣའི་འདེགས་སྐྱོར་ཆེ་རུ་གཏོང་དགོས།  མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་རྩ་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ལྡན་དགོས་ངེས་ཀྱི་མདོན་སྙིང་ཡིན་པས། ངེས་པར་དུ་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་གཏོང་བའི་ལམ་བུར་བསྐྱོད་དགོས་པ་དང་། མི་དམངས་དམངས་གཙོ་འཕེལ་རྒྱས་བཏང་སྟེ་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་སྲུང་བྱེད་དགོས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་གསར་བརྗེ་གཏིང་ཟབ་ཅིག་ཡིན་པས། ངེས་པར་དུ་ཁྲིམས་སྐྱོང་གི་རྩ་བ་ཇེ་བརྟན་དུ་གཏོང་བ་དང་། སྔོན་དཔག་བརྟན་པོ་བྱེད་པ། ཕུགས་ལ་ཕན་པ་བཅས་ཀྱི་འགན་སྲུང་ནུས་པ་སྔར་ལས་འདོན་སྤེལ་ལེགས་པོ་བྱས་ཏེ། ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས། རིག་གནས་ཀྱི་རང་རྟོན་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་ཆེས་གཞི་རྩར་གྱུར་པ་དང་། ཆེས་གཏིང་ཟབ་པ། ཆེས་རྒྱུན་རིང་བ་བཅས་ཀྱི་སྟོབས་ཤུགས་ཡིན་པས། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་བའི་འགྲོ་ལམ་རྒྱུན་འཁྱོངས་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་དགོས། རྒྱལ་སྲིད་ནི་མི་དམངས་ཡིན་པ་དང་། མི་དམངས་ནི་རྒྱལ་སྲིད་ཡིན་པས། ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ནས།  དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་མི་དམངས་ཡོངས་ལ་སྔར་ལས་མང་བ་དང་སྔར་ལས་དྲང་གཞག་གི་སྒོ་ནས་ཕན་པ་ཐོབ་པ་བྱེད་དགོས། རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོབ་བཅས་བྱེད་རྒྱུ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ནང་གནས་ཀྱི་བླང་བྱ་ཡིན་པས། ངེས་པར་དུ་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་བྱས་ནས། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་ནི་མི་རིགས་བསྐྱར་དར་གྱི་རྨང་གཞི་ཡིན་པ་དང་ སྤྱི་ཚོགས་བརྟན་བརླིང་ནི་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་པས། ངེས་པར་དུ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཕྱོགས་གང་ཅིའི་ཐད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ཡོང་བའི་འགན་ལེན་ཏན་ཏིག་བྱ་དགོས།  དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་དུས་བཅད་ལྟར་མངོན་འགྱུར་དང་། མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲར་མགྱོགས་མྱུར་ངང་འགྱུར་བར་བྱ་རྒྱུ་ནི།  ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་བླང་བྱ་ཡིན་པས། ངེས་པར་དུ་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ལྡན་དུ་འགྱུར་བའི་བསམ་བློ་ལག་ལེན་མཐར་ཕྱིན་དང་། དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་དང་བྱེད་ཕྱོགས་ལག་བསྟར་བྱེད་པ། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ།  དུས་རབས་གསར་པའི་མི་དམངས་དམག་དཔུང་གི་འགན་འཁྲི་དང་ལས་འགན་ནུས་ལྡན་སྒོས་སྒྲུབ་པ་བཅས་བྱེད་དགོས།  “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གསར་གཏོད་ཅིག་ཡིན་པས། ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་དང་། བློ་བརྟན་འགྱུར་མེད་སྒོས་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་སྐུལ་འདེད་གཏོང་དགོས། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་བཏོན་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་སྣ་ཚོགས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ།   རང་རྒྱལ་གྱི་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་འཐབ་ཇུས་ཀྱི་གོ་སྐབས་གསར་པ་དང་། འཐབ་ཇུས་ཀྱི་ལས་འགན་གསར་པ། འཐབ་ཇུས་ཀྱི་དུས་རིམ་གསར་པ།  འཐབ་ཇུས་ཀྱི་བླང་བྱ་གསར་པ། འཐབ་ཇུས་ཀྱི་ཁོར་ཡུག་གསར་པ་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དང་ལས་འགན་སྣ་ཚོགས་མངོན་འགྱུར་བྱེད་པའི་དཀའ་ཚེགས་ཆེ་བའི་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ལག་བསྟར་དོན་འཁྱོལ་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་ཆེ་རུ་གཏོང་དགོས།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་དགོས་ན།  ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པར་ཤུགས་སྣོན་བྱེད་དགོས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་བཏོན་པའི་དམིགས་འབེན་དང་ལས་འགན་བློ་བརྟན་འགྱུར་མེད་སྒོས་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་གསར་པ་རྒྱུན་ཆད་མེད་པར་ལེན་དགོས། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་དང་པོའི་ཐོག ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་འཆར་གཞི་དང་བཀོད་སྒྲིག་ཡོད་དགོས་པ་དང་སྤྱིའི་དམིགས་འབེན་དང་། སྤྱིའི་ཁ་ཕྱོགས། སྤྱིའི་བླང་བྱ་བཅས་སྟངས་འཛིན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག  དམིགས་འབེན་དང་ལས་འགན་སྣ་ཚོགས་བྱེ་བྲག་ཅན་དུ་གཏོང་བ་དང་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་དོན་འཁྱོལ་བྱེད་པའི་བྱེ་བྲག་གི་ཇུས་གཞི་བཏོན་ནས། དུས་ཚོད་རེའུ་མིག་དང་བཟོ་འགོད་དཔེ་རིས་གསལ་བོ་བཟོས་ཏེ། ཏན་ཏན་ཏིག་ཏིག་གིས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས”ཞེས་གསུངས་པ་རེད།  ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་གཏན་འབེབས་བྱས་པའི་དམིགས་འབེན་དང་ལས་འགན་ལ་ཉེ་བའི་དུས་ཡུན་དང་། དུས་འབྲིང་གི་དུས་ཡུན། ཡུན་རིང་གི་དུས་ཡུན་བཅས་ལྡན་པས། གལ་ཆེ་ཆུང་དང་དལ་བྲེལ་གྱི་དབྱེ་བ་ཕྱེ་ནས་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་དགོས་ལ་གཙོ་གནད་འབུར་དུ་ཐོན་པར་ཡང་བྱེད་དགོས་པ་དང་། མིག་སྔར་དམ་འཛིན་ནན་མོ་བྱེད་དགོས་ལ་ཕུགས་ལའང་དམིགས་ཏེ་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་བྱ་བ་མང་ཙམ་བསྒྲུབས་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྔོན་འགོག་བྱེད་དགོས།  ས་ཁུལ་སོ་སོ་དང་སྡེ་ཁག་ཁག་སོ་སོས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་དེ་ས་ཁུལ་རང་དང་སྡེ་ཁག་རང་གི་ལས་འགན་དུ་བསྒྱུར་དགོས། རྒྱལ་ཡོངས་མིག་མངས་འགྲིག་སྐོར་གཅིག་ལྟ་བུ་ཡིན་པའི་བསམ་བློ་བརྟན་པོ་བཙུགས་ཏེ། རང་ས་ཁུལ་དང་སྡེ་ཁག་རང་གི་བྱ་བར་ཇུས་འགོད་དང་སྐུལ་འདེད་གཏོང་དགོས་ན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུ་དེ་སྔོན་འགྲོའི་ཆ་རྐྱེན་དུ་འཛིན་པ་དང་། གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་ཏེ། ས་ཁོངས་གཅིག་ལ་གཟི་བརྗིད་སྩོལ་བ་དང་ཁྱོན་ཡོངས་ལའང་བཀྲག་མདངས་འཚེར་བར་བྱེད་དགོས།  རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་བཅངས་བ་དང་ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་བརྩོན་བྱེད་པ། ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་། འཐབ་རྩོད་བྱེད་མཁས་པོ་བྱེད་པ། འགན་འཁྲི་འཁུར་ཕོད་པ། དངོས་ཐོག་བདེན་འཚོལ་བཅས་ཀྱི་སྒོ་ནས་བྱ་བ་སྣ་ཚོགས་དམ་འཛིན་ཡག་པོ་བྱས་ཏེ།  མི་དམངས་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་དངོས་ཡོད་ཀྱི་ཕན་འབྲས་མཐོང་ཐུབ་པར་བྱེད་དགོས།

སྐྱོད་ལམ་གསར་པ་ནི་གཟི་བརྗིད་དང་ཕུགས་འདུན་གྱིས་ཁེངས་པའི་རྒྱང་སྐྱོད་ཅིག་ཡིན་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་བརྗིད་ཉམས་ཆེ་བའི་འཆར་གཞི་བཏིང་བ་དང་མདུན་སྐྱོད་ཀྱི་དུང་བརྡ་བཏང་ཟིན་པས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་།   “གཏན་ཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་པ།  “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།  “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།   “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ།  དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པའི་ཉམས་འགྱུར་དང་དངོས་སྒྲུབ་ཀྱི་བྱ་བའི་སྤྱོད་ཚུལ་ཐོག་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྐྱོད་ལམ་གསར་པའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་པ་བཅས་བྱས་ནས།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།