དྲི་བ་བཅུ་དྲུག་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་གྲངས་ཀྱི་གཞི་ཁྱོན་ཆེས་ཆེ་བའི་དེང་རབས་ཅན་ཞིག་ཡིན་ཞེས་པར་གོ་བ་ཇི་ལྟར་ལེན་དགོས་སམ།
2022.12.19 ཁུངས། ཏང་གི་ཚོགས་ཆེན་ཐངས་ཉི་ཤུ་བའི་སྙན་ཞུའི་སློབ་སྦྱོང་དང་དྲི་བ་བརྒྱ་རྩ། ཀློག་གྲངས། 12

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་བསྟན་དོན།“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་གྲངས་ཀྱི་གཞི་ཁྱོན་ཆེས་ཆེ་བའི་དེང་རབས་ཅན་ཞིག་ཡིན། རང་རྒྱལ་དུ་ཡོད་པའི་མི་གྲངས་དུང་ཕྱུར་བཅུ་བཞི་ལྷག་སྤྱིའི་ཆ་ནས་དེང་རབས་ཅན་གྱི་སྤྱི་ཚོགས་སུ་བསྐྱོད་པ་དང་། གཞི་ཁྱོན་ད་ལྟའི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་མི་གྲངས་ཀྱི་བསྡོམས་འབོར་ལས་བརྒལ་བས། དཀའ་ཚེགས་རང་བཞིན་དང་རྙོག་འཛིང་རང་བཞིན་སྔར་བྱུང་མ་མྱོང་བ་ཞིག་ཡིན་པ་དང་། འཕེལ་རྒྱས་ཀྱི་ཐབས་ལམ་དང་སྐུལ་འདེད་བྱེད་སྟངས་ལའང་རང་ཉིད་ཀྱི་ཁྱད་ཆོས་ཡོད་ངེས་རེད།” མི་གྲངས་ཀྱི་གཞི་ཁྱོན་ཆེས་ཆེ་བ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མདུན་དུ་ལྷགས་པའི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་ཁྱད་ཆོས་གཙོ་བོ་རེད། ད་ལྟའི་བར་དུ། འཛམ་གླིང་ཡོངས་སུ་དེང་རབས་ཅན་མངོན་འགྱུར་བྱུང་ཡོད་པའི་རྒྱལ་ཁབ་དང་ས་ཁུལ་སུམ་ཅུ་ལས་བརྒལ་མེད་པ་དང་། སྤྱིའི་མི་གྲངས་དུང་ཕྱུར་བཅུ་ལས་བརྒལ་མེད། རང་རྒྱལ་ལ་མི་གྲངས་དུང་ཕྱུར་བཅུ་བཞི་ལྷག་ཡོད་པའི་རྨང་གཞིའི་སྟེང་དེང་རབས་ཅན་མངོན་འགྱུར་བྱུང་བ་དེས་འཛམ་གླིང་ཐོག་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པའི་མི་གྲངས་ལྡབ་གཅིག་ལྷག་ཙམ་གྱིས་ཇེ་མང་དུ་འགྲོ་རྒྱུ་ཡིན་པ་དང་། དེང་རབས་ཅན་གྱི་འཛམ་གླིང་གི་དཔེ་རིས་ཤིག་རྦད་དེ་ཡང་བསྐྱར་འབྲི་རྒྱུ་ཡིན་ཞིང་། དེ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཤུགས་རྐྱེན་ཆེས་ཟབ་པའི་དོན་ཆེན་ཞིག་ཏུ་འགྱུར་རྒྱུ་རེད།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིན་ཐང་ཁ་ཕྱོགས་གསལ་བཤད་ཟབ་མོ་བྱས་པ་དང་། དེ་ཡིས་ང་ཚོ་ཏང་གི་གཞི་རྩའི་ཆབ་སྲིད་ཀྱི་ལངས་ཕྱོགས་མཚོན་པར་བྱས་ཡོད། ཏང་གི་ངོ་བོ་དང་དམིགས་ཡུལ་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱིས་ངེས་པར་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ཀྱི་ཆེད་དང་། མི་དམངས་ལ་བརྟེན་ནས་མུ་མཐུད་དུ་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་བཟང་པོ་དང་། སྲུང་སྐྱོབ་བཟང་པོ། འཕེལ་རྒྱས་བཟང་པོ་བཏང་སྟེ། མི་དམངས་ཀྱིས་ཉིན་རེར་འཕེལ་རྒྱས་འགྲོ་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས་པ་ཐག་གིས་བཅད་ཡོད།

མི་གྲངས་ཀྱི་གཞི་ཁྱོན་ཆེས་ཆེ་བ་དེས་རང་རྒྱལ་གྱི་དེང་རབས་ཅན་ནི་ངེས་པར་དུ་ཚད་མཐོའི་རང་སྟོབས་རང་སྤེལ་ཡིན་དགོས་པ་ལས་གཞན་ལ་བརྟེན་པའི་དེང་རབས་ཅན་མ་ཡིན་པར་ངེས་པར་དུ་རང་ཉིད་ཀྱི་བགྲོད་ལམ་སྟེང་བསྐྱོད་དགོས་པ་ཐག་གཅོད་བྱས་ཡོད། མི་གྲངས་མང་ན་ལས་ཞུགས་དང་། སྡོད་ཁང་། སློབ་གསོ། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུའི་གནོན་ཤུགས་ཆེ་རུ་འགྲོ་བ་མ་ཟད། དེང་རབས་ཅན་འཛུགས་སྐྲུན་ལ་མཁོ་བའི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་སོགས་ལ་ཡང་གནོན་ཤུགས་དྲག་པོ་ཡོད་པ་རེད། རྒྱལ་ཁབ་ཆེ་ན་ཆེན་པོའི་དཀའ་ངལ་ཡོད་པ་རེད། དཀའ་ངལ་ཡོད་པའི་རྐྱེན་གྱིས་ང་ཚོས་ཐག་གཅོད་ལེགས་པོ་བྱས་ན། ད་གཟོད་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་ཐུབ། མི་གྲངས་མང་ནའང་མང་པོའི་ཁྱད་སྟོབས་ཡོད།  མི་གྲངས་མང་པོས་མི་གྲངས་ཀྱི་ཁེ་ཕོགས་ཆེན་པོ་སྐྲུན་ཡོད་པ་དང་། ངལ་རྩོལ་དང་མི་ཤུགས་མ་རྩ་གཅིག་བསྡུས་རང་བཞིན་གྱི་ཐོན་ལས་འཕེལ་རྒྱས་གཏོང་བར་འདེགས་སྐྱོར་བྱས་ཏེ། གཞི་ཁྱོན་ཤིན་ཏུ་ཆེ་བའི་ཁྲོམ་ར་དང་གཞི་ཁྱོན་ཤིན་ཏུ་ཆེ་བའི་དཔལ་འབྱོར་དངོས་ཕུང་ཆགས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ང་ཚོས་ལོ་བཅུ་ལྷག་གི་དུས་ཚོད་སྤྱད་དེ་དར་རྒྱས་ཆེ་བའི་རྒྱལ་ཁབ་ལོ་ངོ་བརྒྱ་ཕྲག་ལྷག་བརྒྱུད་མྱོང་བའི་བཟོ་ལས་ཅན་གྱི་ལོ་རྒྱུས་ལམ་བུའི་ཐོག་བསྐྱོད་དེ། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས་འཛམ་གླིང་གི་དཔལ་འབྱོར་དངོས་ཕུང་ཆེ་གྲས་གཉིས་པར་གྱུར་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ། རང་རེའི་ཏང་གིས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་གསར་པ་རབ་དང་རིམ་པ་བསྩལ་ཡོད། མིའི་རིགས་ཀྱི་ལོ་རྒྱུས་ཐོག་གཞི་ཁྱོན་སྔར་ན་མེད་པ་དང་། ཤུགས་ཚད་ཆེས་ཆེ་བ། མི་གྲངས་མང་པོར་ཕན་ཁེ་ཐོབ་པའི་དབུལ་ཐར་མཁྲེགས་གཏོར་གྱི་རྩ་འཛུགས་ལག་བསྟར་བྱས་ཏེ། དུས་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱུང་ཡོད། མི་ལྟེ་བ་ཡིན་པའི་རྣམ་པ་གསར་བའི་མཁར་གྲོང་ཅན་ལ་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། ས་གནས་དེ་གའི་ཁྱིམ་ཐོ་མེད་པའི་མི་གྲངས་དུང་ཕྱུར་གཅིག་ལ་གྲོང་ཁྱེར་གྱི་ཁྱིམ་ཐོ་ཡོད་པའི་དམིགས་འབེན་བདེ་བླག་ངང་མངོན་འགྱུར་བྱུང་ཞིང་། རྒྱུན་སྡོད་མི་གྲངས་མཁར་གྲོང་ཅན་དུ་འགྱུར་ཚད64.7%ཟིན་ཡོད། སྔར་ལས་ལེགས་པ་དང་སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར་ཡོང་བར་སྐུལ་འདེད་དང་། འཛམ་གླིང་ཐོག་གཞི་ཁྱོན་ཆེས་ཆེ་བའི་སློབ་གསོའི་མ་ལག་དང་། སྤྱི་ཚོགས་འགན་སྲུང་མ་ལག སྨན་བཅོས་འཕྲོད་བསྟེན་མ་ལག་བཅས་འཛུགས་སྐྲུན་བྱས་ཏེ། ཆུང་དུས་ནས་གསོ་སྐྱོང་ཡོད་པ་དང་། སློབ་སྦྱོང་ལ་སློབ་གསོ་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཡོད་པ། རྒས་དུས་འཚོ་རྟེན་ཡོད་པ། གཞིས་སྡོད་ལ་ཁང་པ་ཡོད་པ། ཉམས་ཆུང་ལ་རོགས་སྐྱོར་ཡོད་པ་བཅས་ཀྱི་ཐད་མུ་མཐུད་འཕེལ་རིམ་གསར་བ་བླངས་ཡོད། མི་གྲངས་དུང་ཕྱུར14ལྷག་ཙམ་ཡོད་པའི་ཤར་ཕྱོགས་རྒྱལ་ཁབ་ཆེན་པོ་དེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་ཐོག་བསྐྱོད་དེ། མིའི་རིགས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་པ་གསར་བཏོད་བྱས། གལ་ཏེ་ང་ཚོའི་དེང་རབས་ཅན་དེ་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མ་ཡིན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མ་ཡིན་པར། ནུབ་ཕྱོགས་ཅན་དང་ཡང་ན་ཡོངས་རྫོགས་ནུབ་ཕྱོགས་ཅན་དུ་བསྒྱུར་ན། ང་ཚོའི་དེང་རབས་ཅན་འཛུགས་སྐྲུན་ལ་དེ་རིང་ལྟ་བུའི་རྣམ་པ་བཟང་པོ་ཞིག་མེད་པ་དང་། མ་འོངས་པ་ཞིག་དེ་བས་ཀྱང་གླེང་ཐབས་བྲལ་བ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “རང་རྒྱལ་ལྟ་བུའི་མི་གྲངས་དུང་ཕྱུར14ཡོད་པའི་རྒྱལ་ཁབ་རུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱུང་བ་དེ་ནི་ཇི་འདྲའི་རླབས་ཆེ་བ་དང་། ཇི་འདྲའི་ལས་སླ་མོ་ཞིག་མ་ཡིན་པ་རེད་ཨང་།” ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྲོག་ཤིང་དང་སྣེ་ཁྲིད་པ་ཡིན་ཞིང་། དེ་ལ་རྩ་འཛུགས་ཀྱི་མ་ལག་ཞིབ་ཚགས་དང་། སྟོབས་དང་ལྡན་ཞིང་ཁྱབ་རྒྱ་ཆེ་བའི་སྤྱི་ཚོགས་ཀྱི་སྐུལ་སློང་ནུས་པ་ལྡན་པ་དང་། དེ་ནི་འཛམ་གླིང་སྟེང་གི་རྒྱལ་ཁབ་གང་ཞིག་གིས་དེང་རབས་ཅན་མངོན་འགྱུར་བྱས་པ་ལས་ཀྱང་འགྲན་ཟླ་བྲལ་བའི་ཁྱད་སྟོབས་ཆེན་པོ་ཞིག་རེད། ངེས་པར་དུ་ཏང་གིས་ཕྱོགས་ཡོངས་ལ་སྤྱི་འདོམས་བྱེད་པ་དང་། ཕྱོགས་སོ་སོར་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཀྱི་རྩ་བའི་རང་བཞིན་དང་། ཕྱོགས་ཡོངས་རང་བཞིན། ཡུན་རིང་རང་བཞིན་གྱི་གནད་དོན་ཇུས་འགོད་དང་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པར་གཅིག་འདོམས་སྐུལ་འདེད་གཏོང་བ།“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་གྲངས་ཀྱི་གཞི་ཁྱོན་ཆེ་བའི་དེང་རབས་ཅན་གྱི་ཕྱོགས་སུ་མུ་མཐུད་གོམ་པ་བརྟན་པོ་སྤོ་བར་ཁྲིད་སྟོན་བྱེད་དགོས། ངེས་པར་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དོན་ཆེན་སྒྲུབ་པའི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། གཅིག་གྱུར་གྱིས་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པའི་ཁྲོད་དེང་རབས་ཅན་འཛུགས་སྐྲུན་གྱི་ཕྱོགས་སོ་སོའི་ཁྱབ་ཁོངས་ཀྱི་འབྲེལ་བ་མཐུན་སྦྱོར་དང་ཐག་གཅོད་ལེགས་པོ་བྱེད་པ་དང་། ཁྱབ་ཁོངས་གཙོ་བོ་དང་གནད་འགག་གི་ཁྱབ་ཁོངས་སུ་མུ་མཐུད་ཐོད་བརྒལ་མངོན་འགྱུར་བྱུང་སྟེ། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་ཡིན་པའི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་དགོས། ངེས་པར་དུ་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྐུལ་སློང་གང་ལེགས་བྱེད་དགོས།

བགྲོད་ལམ་ལེགས་པོ་ཞིག་འཚོལ་རྒྱུ་ནི་ལས་སླ་མོ་མིན་ལ། བགྲོད་ལམ་དེའི་སྟེང་ལེགས་པོར་བསྐྱོད་རྒྱུའང་དེ་བས་ལས་སླ་མོ་ཞིག་མིན། རང་རྒྱལ་གྱིས་མི་གྲངས་གཞི་ཁྱོན་ཆེན་པོའི་སྒོ་ནས་དེང་རབས་ཅན་མངོན་འགྱུར་བྱེད་དུ་འཇུག་དགོས་ན། འཛམ་གླིང་སྟེང་མིག་དཔེར་ལྟ་ས་མེད་པ་དང་། ཉམས་མྱོང་ལྡན་པའི་དཔྱད་གཞིར་འཛིན་ས་ཞིག་མེད་ལ། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ལ་བརྟེན་ས་ཞིག་ཀྱང་མེད། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ།  ཐོག་མཐའ་བར་གསུམ་དུ་ཀྲུང་གོ་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་དེང་རབས་ཅན་གྱི་ལམ་དུ་བསྐྱོད་ཚེ། ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ་ངེས་ཡིན་ལ། མིའི་རིགས་ཀྱིས་སྤྱི་ཚོགས་ཀྱི་ལམ་ལུགས་སྔར་ལས་ལེགས་པ་ཞིག་འཚོལ་ཞིབ་བྱེད་པར་ཀྲུང་གོའི་ཇུས་གཞི་འདོན་སྤྲོད་ཀྱང་བྱེད་ཐུབ་ངེས་རེད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།