ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་ཕན་ཚུན་མཉམ་འདྲེས་ཀྱི་སྐབས་སུ། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་གསུམ་གྱི་ལས་འགན་ལ་དམིགས་ནས། ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་གནོན་ཤུགས་ཁྲོད་འཕེལ་རྒྱས་ཕྱིན་ཡོད།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་རྗེས་ཀྱི་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུ་ཐེངས་དང་པོ་ཟླ12ཚེས15དང་ཚེས16ཉིན་བར་པེ་ཅིན་དུ་འཚོགས།
ལོ་འདིར“ང་ཚོས་བསྒྲུབས་པའི་ལས་དོན”ལ་གསེད་བཀྲོལ་བྱེད་སྐབས། འཕེལ་རྒྱས་ཀྱི་སྤུས་ཚད་བརྟན་བརླིང་ངང་མཐོ་རུ་ཕྱིན་པ་དང་། ལས་ཞུགས་བརྟན་པོ་དང་། དངོས་གོང་བརྟན་པོ། འབྲུ་མཛོད་བརྟན་པོ། དཔལ་འབྱོར་དང་སྤྱི་ཚོགས་གནས་བབ་རྒྱུན་འཁྱོངས་བརྟན་བརླིང་བཅས་བྱུང་ཡོད། གྲུབ་འབྲས་ནི་ལས་སླ་བོར་ཐོབ་པ་ཞིག་མིན་པས། ལྡབ་འགྱུར་གྱིས་གཅེས་སྤྲས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟབ་ནན་སྒོས་“འཕྲད་པའི་དཀའ་ངལ་མང་པོ་ཡོད་ལ། དཀའ་ངལ་ཁ་ཤས་ནི་སྔར་བྱུང་མ་མྱོང་བ་ཞིག་ཡིན་མོད། འོན་ཀྱང་ང་ཚོས་དཀའ་ངལ་དེ་དག་ལས་རྣམ་པར་རྒྱལ་ཡོད”ཅེས་གསུངས་བ་རེད།
ལམ་ཐག་རིང་ན་ཉེན་ཁ་ཡོད། ཀྲུང་གོའི་དཔལ་འབྱོར་ནི་སྔར་ནས་བཟུང་འགྲན་སློང་ལས་རྣམ་པར་རྒྱལ་བའི་ཁྲོད་འཕེལ་རྒྱས་དང་། ཆར་རླུང་དྲག་པོའི་ཁྲོད་འཚར་ལོངས། བརྒྱུད་པའི་ཉམས་སད་ཁྲོད་སྟོབས་ཆེར་བཅས་ཕྱིན་ཡོད།
ལོ་ལྔའི་རིང་། དཔལ་འབྱོར་ལོ་རེར་ཆ་སྙོམས་ཀྱིས5%ཡན་འཕར་ནས་གོ་ལ་ཧྲིལ་པོའི་ཆ་སྙོམས་ཆུ་ཚད་ལས་བཟང་བ་རེད།
ལོ་བཅུའི་རིང་། ཉེན་ཁ་དང་དཀའ་ངལ་སྣ་ཚོགས་ལས་རྣམ་པར་རྒྱལ་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་སྐྱོད་པ་བཅས་ཀྱི་རྣམ་པ་བཟང་པོ་བྱུང་ཡོད།
ལོ་རྒྱུས་ལ་ཕྱིར་བལྟ་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མྱོང་ཚོར་ཟབ་མོས“ནམ་ཡང་དཀའ་ངལ་ལ་མི་འཕྲད་པ་མེད་དེ། དཀའ་ངལ་རེ་རེ་བཞིན་སྒྲོལ་བ་དང་ལོ་རེ་བཞིན་སྒྲོལ་བ། ལོ་རེ་བཞིན་ཇེ་ལེགས་སུ་སོང་ཡོད། ཀྲུང་ཧྭ་མི་རིགས་ཀྱིས་ལོ་ངོ་ལྔ་སྟོང་ལྷག་གི་རིང་འདི་ལྟར་བྱས་ནས་ཡོང་ཡོད། དཀའ་གནད་ལས་སྒྲོལ་དགོས་ན། འགག་རྩ་ནི་ཡིད་ཆེས་འཕེལ་བར་བྱ་རྒྱུ་དེ་ཡིན”ཞེས་གསུངས།
གནས་བབ་ལ་དབྱེ་ཞིབ་དང་ཉེན་ཁ་དང་གོ་སྐབས་སྟངས་འཛིན་བྱེད་དགོས་ཞེས་སྤྱི་ཁྱབ་ཧྲུའུ་ཅིས་འདི་ལྟར་གསུངས་ཡོད།
“སང་ལོའི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་ཇེ་ལེགས་སུ་འགྲོ་བར་རེ་བ་ཡོད་པའི”འཐབ་ཇུས་ཀྱི་བརྡར་ཤ་བཅད་པ་དེས། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་། དགོས་མཁོ། མཁོ་སྤྲོད། མི་ཤུགས་སོགས་ཀྱི་ལེགས་ཆ་མང་པོར་དམིགས་པར་མ་ཟད། སྲིད་ཇུས་ཀྱི་ཕན་འབྲས་ཀྱང་རྒྱུན་མཐུད་ངང་ཐོན་པ་ལས་བྱུང་བ་རེད། ང་ཚོས་དཔལ་འབྱོར་བྱ་བ་བཟང་བོར་སྒྲུབ་པའི་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས”།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་སང་ལོའི་དཔལ་འབྱོར་བྱ་བའི་གལ་ཆེའི་གནད་དོན་འགའ་གཙོ་གནད་དུ་བཟུང་ནས་གླེང་ཡོད། དེ་ནི་རྒྱལ་ཁབ་ཕྱི་ནང་ཀུན་གྱིས་དོ་སྣང་བྱེད་པའི་སྲིད་ཇུས་ཀྱི་ཁ་ཕྱོགས་ཤིག་ཀྱང་ཡིན་པ་སྟེ། རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་གཏོང་བར་ཤུགས་སྣོན་བྱེད་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་བསྐྲུན་པ། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”དོན་འཁྱོལ་ཏན་ཏིག་བྱེད་པ། ཕྱི་ཕྱོགས་མ་དངུལ་བསྡུ་ལེན་དང་བེད་སྤྱོད་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ། དཔལ་འབྱོར་དང་དངུལ་རྩའི་ཉེན་ཁ་ཆེན་པོ་འགོག་ཟོན་དང་ཐག་གཅོད་ནུས་ལྡན་བཅས་བྱ་རྒྱུ་དེ་རེད།
བྱེད་ཐབས་ཏན་ཏིག་དང་སྲིད་ཇུས་མངོན་གསལ་ཡིན་ལ་ནུས་པ་ལྡན་ཡོད། དཔེར་ན། མིག་སྔའི་སྡོད་ཁང་དང་། རླངས་འཁོར། ཞབས་ཞུའི་རང་བཞིན་གྱི་འཛད་སྤྱོད་སོགས་ཁྱབ་ཁོངས་སུ་གནས་པའི་ཚོད་འཛིན་རང་བཞིན་གྱི་བྱེད་ཐབས་ཁ་ཤས་ཀྱིས་འཛད་སྤྱོད་དགོས་མཁོ་ཆེ་རུ་གཏོང་བར་འགོག་རྐྱེན་བཟོས་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ནང་གཙོ་གནད་ལ་ཐད་ཀར་དམིགས་ནས“འཛད་སྤྱོད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། འཛད་སྤྱོད་ཀྱི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ། འཛད་སྤྱོད་ཀྱི་རྣམ་པ་གསར་གཏོད་བཅས་བྱས་ཏེ་འཛད་སྤྱོད་ཀྱི་སྦས་ཤུགས་གང་ལེགས་སྒོས་མངོན་པར་བྱེད་དགོས”ཞེས་གསུངས་ཡོད།
ཡང་དཔེར་ན། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”རྒྱུན་འཁྱོངས་བྱེད་མིན་ལ། དུས་སྐབས་ཤིག་གི་རིང་ཡང་དག་མིན་པའི་གཏམ་གླེང་ཁ་ཤས་བྱུང་ཡོད།
“ངེས་པར་དུ་རྣམ་འགྱུར་གསལ་པོ་འཛིན་དགོས་པ་ལས་རབ་རིབ་གཏན་ནས་མི་བྱེད་པར། ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་བཅོས་སྒྱུར་ཁ་ཕྱོགས་རྒྱུན་འཁྱོངས་དང་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས་རྒྱུན་འཁྱོངས་བྱེད་དགོས”།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཐག་ཆོད་པོས“ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་གསལ་བོར་བཏོན་ཡོད་ལ། འདི་ནི་ཡུན་རིང་གི་ཐབས་ཇུས་ཤིག་ཡིན་པ་ལས། སྐབས་བསྟུན་གྱི་བྱེད་ཐབས་ཤིག་མིན་ཞེས་གསུངས་ཡོད།
“ དམངས་གཉེར་ཁེ་ལས་ནི་ཏང་གི་འགོ་ཁྲིད་འོག ཏང་གི་སྲིད་ཇུས་དང་རང་ངོས་ཀྱི་འབད་བརྩོན་ལ་བརྟེན་ནས་འཕེལ་རྒྱས་བྱུང་ཡོད། ང་ནི་དམངས་གཉེར་ཁེ་ལས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ལ། ལོ་དེ་དག་ནང་དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་ས་གནས་སུ་བྱ་བ་སྒྲུབ་ནས་ཡོང་བ་ཡིན”། དེ་སྔོན་ཧུའུ་པེ་ཀྲིན་ཏེན་ནས“ཤེས་ལྡན་མི་སྣའི་དོན་ཚན་དགུའི”བྱེད་ཐབས་ལ་བརྟེན་ནས་སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་ཡོངས་ཁྱབ་དུ་བསྡུ་ལེན་བྱས་ཡོད། ཧྥུའུ་ཅན་དུ་སླེབས་སྐབས་ཅིན་ཅང་གི་ཉམས་མྱོང་གི་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། དེ་ནས་ཀྲེ་ཅང་དུ་སླེབས་རྗེས་དམངས་གཉེར་ཁེ་ལས་ཁག་གཅིག་འཚར་ལོངས་འབྱུང་བར་རྒྱབ་སྐྱོར་བྱས་ཡོད། ཀྲུང་དབྱང་དུ་ཕྱག་ལས་གནང་རྗེས། 2018ལོར་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པ་ཚང་མ་ནི་ང་ཚོ་རང་ཉིད་ཀྱི་མི་ཡིན”ཞེས་དམིགས་སུ་བཀར་ནས་ནན་བཤད་གནང་ཡོད།
ཚོགས་འདུའི་ཐོག་ཏང་ཀྲུང་དབྱང་གིས་ཁྱབ་བསྒྲགས་གནང་བའི་སྲིད་ཇུས་ཀྱི་ནང་དོན་ཧ་ཅང་གསལ་བོ་ཡིན་པ་སྟེ། “ལམ་ལུགས་དང་བཅའ་ཁྲིམས་ཀྱི་ཐོག་ནས་རྒྱལ་དབང་ཁེ་ལས་དང་དམངས་གཉེར་ཁེ་ལས་ལ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་བླང་བྱ་དོན་འཁྱོལ་བྱས་ཏེ། སྲིད་ཇུས་དང་གླེང་ཕྱོགས་ནས་དམངས་གཉེར་དཔལ་འབྱོར་དང་དམངས་གཉེར་ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས”། “དམངས་གཉེར་ཁེ་ལས་ཀྱི་ཐོན་དབང་དང་ཁེ་ལས་པའི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོབ་བྱེད་དགོས”། “རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་དམངས་གཉེར་ཁེ་ལས་ལ་དཀའ་གནད་སེལ་རོགས་དང་དོན་དངོས་བསྒྲུབས་ནས། སྲིད་ཚོང་བར་གྱི་འབྲེལ་བ་འཛུགས་དགོས”པ་བཅས་རེད།
སྔོན་ཆད་ཀྱི་འབད་འཐབ་ལམ་བུར་ཕྱིར་མིག་ལྟ་སྐབས། ཆར་རླུང་ཁྲོད་ཞུམ་མེད་མདུན་སྐྱོད་བྱས་ཡོད། མདུན་ཕྱོགས་ཀྱི་འབད་འཐབ་ལམ་བུར་རྒྱང་ལྟ་བྱེད་སྐབས། དུས་བབ་བཟང་པོ་ང་ཚོའི་ཕྱོགས་སུ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འཐབ་ཇུས་ཀྱི་རང་རྟོན”སྟེ། “གནོན་ཤུགས་ཐེག་ཐུབ་པ་དང་། ནང་ངོས་ཀྱི་ནུས་པ་ཆེ་རུ་གཏོང་བ། རྐང་པ་བརྟན་པོ་ཚུགས་ཐུབ་པ་བཅས་བྱས་ཚེ། སྒྲོལ་མི་ཐུབ་པའི་དཀའ་ཁག་ཅི་ཡང་མེད”ཅེས་ནན་བཤད་ཡང་ཡང་གནང་ཡོད།
རིམས་ནད་ཀྱི་དཀའ་ཚེགས་ཀྱི་མདུན་དུ། ལོ་གསུམ་ནང་རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་རིམས་ནད་ཀྱི་རྡུང་རྡེག་ཐེངས་ལྔ་ལ་ཁ་གཏད་ནུས་ལྡན་བཅག་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་རིམ་གསར་པར་སླེབས་པའི་སྐབས་སུ། ཇི་ལྟར་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་ལས་བཟང་བའི་སྒོ་ནས་སྤྱི་འདོམས་བྱེད་དགོས་ཟེར་ན། “འདི་ནི་ལོ་འདི་དག་རིང་གི་ཆེས་འགག་རྩའི་གནད་དོན་ཞིག་རེད”།
སྤྱི་ཁྱབ་ཧྲུའུ་ཅིས་ཚོགས་འདུའི་ཐོག“བསམ་བློ་གཅིག་གྱུར་དང་། ཚན་རིག་དང་མཐུན་པའི་འགོག་སྲུང་། ཡིད་ཆེས་འཕེལ་བ་བཅས་བྱས་ནས་འདེགས་ཤིང་གི་དོ་སྙོམས་གནས་ཤིག་བཙལ་ཏེ། དུས་བབ་དང་བསྟུན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཇེ་ལེགས་སུ་གཏོང་དགོས། སྐྱ་རེངས་མདུན་དུ་ཡོད་པའི་ཡིད་ཆེས་བྱེད་དགོས་ཞེས་མངགས་བཅོལ་གནང་ཡོད།
གཏན་འཁེལ་བྱས་ཟིན་པའི་དམིགས་འབེན་དེ་འཐབ་ཇུས་ཀྱི་ཁྲིད་སྟོན་དུ་བྱས་ནས་དྲང་སྲུང་གསར་སྐྲུན་གྱིས་རང་ཉིད་ཀྱི་བྱ་བ་ཡག་པོར་བསྒྲུབ་རྒྱུ་དེ་རྒྱང་རིང་དང་རྒྱལ་ཁབ་ཀྱི་ལས་དབང་དང་འབྲེལ་བ་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སང་ལོའི་དཔལ་འབྱོར་བྱ་བ་སྣེ་མང་རྙོག་འཛིང་ཆེ་བས། འཐབ་ཇུས་ཀྱི་ཁྱོན་ཡོངས་ལ་དམིགས་པ་དང་། འགལ་བ་གཙོ་བོ་དམ་འཛིན། སྤྱི་ཚོགས་ཀྱི་བསམ་པའི་སྔོན་དཔག་ཇེ་ལེགས་སུ་གཏོང་བ། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་ནས་འགོ་བརྩམས་ཏེ། འགག་རྩའི་བརྒྱུད་རིམ་གལ་ཆེན་དམ་འཛིན་དང་། གོ་རིམ་ལྡན་པའི་ངང་ལས་དོན་ཡག་པོར་སྒྲུབ་དགོས་ཞེས་བསྟན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས རང་རྒྱལ་གྱི་དཔལ་འབྱོར་གྲུ་གཟིངས་ཆེན་པོ་རླུང་བརྟེན་རླབས་གཤགས་ཁྲོད་མདུན་སྐྱོད་བྱེད་བཞིན་ཡོད་ཅེས་གསུངས་བ་རེད།
ཡིག་སྒྱུར་བ།སྒྲོལ་མ་སྐྱིད།