དྲི་བ་བཅོ་བརྒྱད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན་ཡིན་ཞེས་པར་གོ་བ་ཇི་ལྟར་ལེན་དགོས།
2022.12.20 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 15

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་བསྟན་དོན། “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན་ཡིན། དངོས་པོའི་ལོངས་སྤྱོད་དང་བསམ་པའི་ལོངས་སྤྱོད་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྩ་བའི་བླང་བྱ་ཡིན། དངོས་པོའི་དབུལ་ཕོངས་ནི་སྤྱི་ཚོགས་རིང་ལུགས་མིན་ལ་བསམ་པའི་ལོངས་སྤྱོད་ཀྱང་སྤྱི་ཚོགས་རིང་ལུགས་མིན”ཞེས་བསྟན་ཡོད།  དེར་བརྟེན་དེ་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་དགོས།

དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ནི་མིའི་རིགས་ཀྱིས་འཇིག་རྟེན་ཤེས་རྟོགས་དང་འཇིག་རྟེན་བསྒྱུར་བཀོད་བྱེད་པའི་གྲུབ་འབྲས་ཡོངས་རྫོགས་ཀྱི་ཕྱོགས་བསྡུས་དང་སྙིང་བཅུད་ཡིན། བཅོས་སྒྱུར་སྒོ་འབྱེད་བྱས་མ་ཐག་པའི་དུས་སུ་ང་ཚོའི་ཏང་གིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཀྱི“ཕྱོགས་གཉིས་འཛིན་པ་དང་ཕྱོགས་གཉིས་ཀ་དམ་པོར་འཛིན་དགོས”པའི་འཐབ་ཇུས་བྱེད་ཕྱོགས་གཏན་འབེབས་བྱས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམིགས་ཡུལ་ནི་དངོས་པོ་ཁྱོན་ཡོངས་ནས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་མི་ཁྱོན་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ང་ཚོས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་སུ་གཏོང་རྒྱུ་དང་དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར་ངང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནན་བཤད་བྱས་པར་མ་ཟད། བསམ་པའི་དཔལ་ཡོན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བརྗོད་གཞིའི་ནང་དུ་ཡོད་དགོས་པའི་དོན་སྙིང་ཡིན་པའི་ངོས་འཛིན་ཡང་བྱས་ཡོད། བསམ་པའི་དཔལ་ཡོན་ཡར་ཐོན་ཡོང་བ་དང་ཁ་བྲལ་བའི་དངོས་པོའི་དཔལ་ཡོན་སྣ་གཅིག་འཕེལ་རྒྱས་གཏོང་བ་དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ངོ་མ་མིན་པ་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བའི་བླང་བྱ་དང་ཡང་མི་མཐུན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རང་རྒྱལ་གྱི་ས་གཞི་ཆེན་མོའི་གང་སར་ཐོག་བརྩེགས་ཁང་ཆེན་གྱིས་ཁྱབ་སྐབས། ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་ཐོག་བརྩེགས་ཁང་ཆེན་ཡང་ཀྲོང་ངེར་འགྱིང་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་ནུབ་ཕྱོགས་ཀྱི་མ་རྩ་ལྟེ་བར་འཛིན་པ་དང་མཐའ་གཉིས་སུ་གྱེས་པ། དངོས་པོའི་རིང་ལུགས་ཆེ་རུ་འགྲོ་བ། ཕྱི་ཕྱོགས་སུ་རྒྱ་སྐྱེད་དང་འཕྲོག་བཅོམ་བྱེད་པ་བཅས་ཀྱི་དེང་རབས་ཅན་དང་ངོ་བོའི་སྟེང་ནས་ཁྱད་པར་ཡོད་ཅེས་གསུངས།

གནས་བབ་གསར་པ་དང་ལས་འགན་གསར་པའི་མདུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། རྩོད་སྒྲུབ་དང་ཕྱོགས་ཡོངས། དོ་མཉམ་བཅས་ཀྱི་ལྟ་བ་བཟུང་ནས་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་ན། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ཀ་ལེགས་པོར་སྤེལ་ན། རྒྱལ་ཁབ་ཀྱི་དངོས་པོའི་སྟོབས་ཤུགས་དང་བསམ་པའི་སྟོབས་ཤུགས་གཉིས་ཀ་ཇེ་ཆེར་འགྲོ་ཞིང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བ་ཚང་མ་ལེགས་བཅོས་བྱེད་ཐུབ་པས།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གཞི་ནས་བདེ་བླག་ངང་གོང་དུ་སྤེལ་ཐུབ། ང་ཚོས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་རྒྱུད་རིམ་ཁྲོད་ངེས་པར་དུ་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པའི་རྩ་དོན་གྱི་བླང་བྱ་གལ་ཆེན་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་དགོས།

དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས། རང་རྒྱལ་ནི་ཕྱོགས་བསྡུས་རྒྱལ་སྟོབས་དང་རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་སྔོན་ཐོན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འགྱུར་རྒྱུ་རེད། འདིས་དངོས་པོའི་དཔལ་ཡོན་འཛུགས་སྐྲུན་ལ་སྔར་ལས་མཐོ་བའི་དམིགས་འབེན་བཏོན་པས།  ང་ཚོས་ངེས་པར་དུ་དེང་རབས་ཅན་གྱི་དངོས་པོའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་པོར་འཛུགས་དགོས།  ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་འདི་དམ་འཛིན་བྱས་ནས།  འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་ཡང་དག་པ། ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་བཅོས་སྒྱུར་བྱེད་ཕྱོགས་རྒྱུན་འཁྱོངས་དང་། ཆུ་ཚད་མཐོན་པོས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། དཔལ་འབྱོར་གོང་དུ་སྤེལ་བའི་ཤུགས་རྒྱག་ས་དེ་དངོས་གཞིའི་དཔལ་འབྱོར་སྟེང་འཇོག་པ་རྒྱུན་འཁྱོངས་བྱས་ནས། རྣམ་པ་གསར་བའི་བཟོ་ལས་ཅན་ལ་སྐུལ་འདེད་བྱེད་པ་དང་གྲོང་གསེབ་དར་རྒྱས་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན། གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱེད་པ་དང་། སློབ་གསོ་སྔོན་ལ་འཕེལ་རྒྱས་སུ་གཏོང་བ་དང་ཚན་རྩལ་རང་ཚུགས་རང་འབད་བྱེད་པ། ཤེས་ལྡན་མི་སྣའི་སྣེ་ཁྲིད་དང་སྐུལ་སློང་བཅས་རྒྱུན་འཁྱོངས་བྱས་ནས།  འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་གཏོད་པ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་རྒྱུན་མི་ཆད་པར་གཏོད་པ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མྱུར་དུ་འཛུགས་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མྱུར་དུ་འཛུགས་དགོས།

སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་ནི་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཀྱི་ཁྱད་ཆོས་གལ་ཆེན་ཞིག་ཡིན་པ་དང་།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གལ་ཆེན་དང་འགན་འཁྲི་གལ་ཆེན་ཞིག་ཡིན་པས། ང་ཚོས་རྒྱལ་ཁབ་དང་སྤྱི་ཚོགས་གང་འདྲ་ཞིག་འཛུགས་སྐྲུན་བྱེད་རྒྱུ་དང་སྤྱི་དམངས་གང་འདྲ་ཞིག་གསོ་སྐྱོང་བྱེད་རྒྱུ་ཐག་གཅོད་བྱེད་ཀྱི་ཡོད། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་དེ་སྔའི་དུས་སྐབས་གང་ཞིག་ལས་ཀྱང་བསམ་བློའི་ཁྲིད་སྟོན་དང་རིག་གནས་གསོ་བཅུད། བསམ་པའི་འདེགས་སྐྱོར་བཅས་ཀྱི་དགོས་མཁོ་དེ་ལས་ཆེ་བ་ཡོད། ང་ཚོས་ངེས་པར་དུ་སྔར་ལས་བློ་བརྟན་འགྱུར་མེད་དང་སྔར་ལས་རང་རྟོགས་ཀྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རིག་གནས་ལ་ཡིད་ཆེས་དང་རང་སྟོབས་རང་འཕེལ་ལ་སྐུལ་འདེད་གཏོང་བ།  ཤུགས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་སུ་གཏོང་བ། ཀྲུང་ཧྭའི་དཔལ་ཡོན་རྒྱུན་འཛིན་བཅས་བྱས་ནས་ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་སྔར་ལས་ལེགས་པོར་བསྐྲུན་དགོས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་མི་དམངས་ལ་སློབ་གསོ་གཏོང་བ་རྒྱུན་འཁྱོངས་དང་། འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་སུ་མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་སྔར་ལས་སྲ་བརྟན་དུ་གཏོང་བ། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་རྒྱ་ཁྱབ་ཏུ་ལག་ལེན་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་དང་ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་ལ་ཤུགས་སྣོན་བྱེད་པ། སྤྱི་ཚོགས་ཡོངས་ཀྱི་དཔལ་ཡོན་དར་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་སུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དང་འཚམ་པའི་ཕུགས་བསམ་དད་སེམས་དང་ཀུན་སྤྱོད་ཀྱི་འདུ་ཤེས། བསམ་པའི་ཉམས་འགྱུར་བཅས་ཆགས་པར་བྱེད་དགོས། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་བ་དང་། མི་དམངས་ལྟེ་བར་བྱེད་པའི་གསར་གཏོད་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་སྔར་ལས་ཆེ་རུ་གཏོང་བའི་ཕུལ་བྱུང་བརྩམས་ཆོས་སྔར་ལས་མང་བོ་འདོན་པ། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་སྐུལ་སློང་བྱེད་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བཅས་བྱེད་དགོས། ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་བརྟན་སྲུང་དང་དཔལ་ཡོན་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཚད་གཏིང་ཟབ་ཏུ་གཏོང་བ། ཀྲུང་ཧྭའི་དཔལ་ཡོན་རྒྱུད་སྤེལ་བྱེད་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།

                                                                     ཡིག་སྒྱུར་བ། གཡང་འབུམ་རྒྱལ།