
ཟླ12པའི་ཚེས16ཉིན་གྱི་འདོན་ཐེངས24པའི《བདེན་འཚོལ》དུས་དེབ་སྟེང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྟེ《ཏང་གི་ཕུལ་བྱུང་གསར་བརྗེའི་སྲོལ་རྒྱུན་དང་ཉམས་འགྱུར་རྒྱུད་འཛིན་དང་གོང་སྤེལ་བཏང་ནས་ཡན་ཨན་སྙིང་སྟོབས་དར་སྤེལ་གཏོང་དགོས།》ཞེས་པ་བཀོད་ཡོད།
རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བདུན་པ་ལ་ཏང་གི་ལོ་རྒྱུས་ཐད་ནས་གལ་ཆེ་ཞིང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པ་ཡིན་ལ། དེས་ང་ཚོའི་ཏང་ཆབ་སྲིད་དང་བསམ་བློ། རྩ་འཛུགས་བཅས་ཀྱི་སྟེང་ནས་འཐུས་ཚང་དུ་གྱུར་བ་མཚོན་ཞིང་། ཏང་རྗེས་ཕྱོགས་མུ་མཐུད་དུ་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པར་ཡང་དག་པའི་ཁ་ཕྱོགས་གསལ་སྟོན་དང་ཡང་དག་པའི་བགྲོད་ལམ་གསར་སྐྲུན་བྱས་ཡོད། ཡན་ཨན་གསར་བརྗེའི་གནས་རྙིང་གིས་ང་ཚོའི་ཏང་གིས་ཡན་ཨན་དུས་སྐབས་སུ་ཀྲུང་གོའི་གསར་བརྗེར་སྣེ་ཁྲིད་དང་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བར་འཚོལ་ཞིབ་བྱས་པའི་གཟི་བརྗིད་ཀྱི་ལོ་རྒྱུས་བདེན་དཔང་བྱས་ལ། དེ་ནི་ནམ་ཡང་ཀློག་མི་ཚར་བའི་དཔེ་དེབ་ཅིག་ཡིན། དོན་དངོས་དང་འབྲེལ་ནས་དབྱང་ཅ་ལིན་གྱི་གཏམ་རྒྱུད་དང་ཏང་གི་ཚོགས་ཆེན་ཐེངས་བདུན་པའི་གཏམ་རྒྱུད་ལེགས་པོར་བརྗོད་དགོས།
རྩོམ་ཡིག་ལས་བསྟན་དོན། ཡན་ཨན་ནི་ཀྲུང་གོའི་གསར་བརྗེའི་གནས་མཆོག་དང་ཀྲུང་གོ་གསར་བའི་འབྱུང་གནས་ཡིན། 1935ལོ་ནས1948ལོའི་བར། ཏང་ཀྲུང་དབྱང་དང་མའོ་ཙེ་ཏུང་སོགས་གསར་བརྗེ་པ་རྒན་རབས་རྣམས་ཀྱིས་ཡན་ཨན་དུ་ལོ་ངོ13རིང་འཚོ་བ་དང་འཐབ་རྩོད་བྱས་མྱོང་ལ། ཀྲུང་གོའི་གསར་བརྗེའི་ལས་དོན་ལ་སྣེ་ཁྲིད་དེ་དམའ་རིམ་ནས་མཐོ་རླབས་སུ་བསྐྱོད་པ་དང་ལོ་རྒྱུས་རང་བཞིན་གྱི་དཀྱོགས་མཚམས་མངོན་འགྱུར་བྱས་ཤིང་། ཀྲུང་གོའི་མདུན་ལམ་གྱི་ལས་དབང་ལ་འགྱུར་ལྡོག་བཏང་། ཐེངས་འདིར་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའི་བློ་མཐུན་མཉམ་དུ་ཡན་ཨན་དུ་ཕེབས་པ་ནི། སྐབས་གསར་བའི་ཀྲུང་དབྱང་མགོ་ཁྲིད་ཚོགས་པས་མུ་མཐུད་དུ་ཡན་ཨན་དུས་སྐབས་སུ་གྲུབ་པའི་ཕུལ་བྱུང་གསར་བརྗེའི་སྲོལ་རྒྱུན་དང་ཉམས་འགྱུར་རྒྱུད་འཛིན་དང་གོང་སྤེལ་བཏང་ནས་ཡན་ཨན་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་གསལ་བསྒྲགས་གནང་བ་ཡིན།
རྩོམ་ཡིག་ལས་བསྟན་དོན། ཡན་ཨན་དུས་སྐབས་སུ་གྲུབ་པ་དང་དར་སྤེལ་བཏང་བའི་གཟི་བརྗིད་ཀྱི་སྲོལ་རྒྱུན་དང་ཉམས་འགྱུར་ལེགས་པོ་ཏེ། སྲ་ཞིང་བརྟན་ལ་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་དང་བསམ་བློ་བཅིངས་འགྲོལ་གྱི་དངོས་ཐོག་བདེན་འཚོལ་བྱེད་པའི་བསམ་བློའི་ལམ་ཕྱོགས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་གཞི་རྩའི་དགོངས་དོན། རང་སྟོབས་རང་སྤེལ་གྱི་དཀའ་སྤྱད་འབད་བརྩོན་བྱེད་པའི་ལས་སྐྲུན་སྙིང་སྟོབས་བཅས་ནང་དོན་གཙོ་བོ་ཡིན་པའི་ཡན་ཨན་སྙིང་སྟོབས་ནི་ཏང་གི་རྩ་ཆེ་བའི་བསམ་པའི་རྒྱུ་ནོར་ཡིན་ལ། མི་རབས་ནས་མི་རབས་བར་རྒྱུད་འཛིན་བྱེད་དགོས།
རྩོམ་ཡིག་ལས་བསྟན་དོན། སྲ་ཞིང་བརྟན་ལ་ཡང་དག་གི་ཆབ་སྲིད་ཁ་ཕྱོགས་ནི་ཡན་ཨན་སྙིང་སྟོབས་ཀྱི་ཉིང་བཅུད་ཡིན། ཏང་ཡོངས་ཀྱི་བློ་མཐུན་གྱིས་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བློ་ཐག་རྦད་ཆོད་ཀྱིས་ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་ལག་བསྟར་བྱེད་པ་དང་། བློ་ཐག་རྦད་ཆོད་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱས་ནས། གསར་བརྗེ་རྒན་རབས་པས་གསར་སྐྲུན་བྱས་པའི་རླབས་ཆེའི་ལས་དོན་མུ་མཐུད་དུ་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས། མི་དམངས་ཀྱི་ལངས་ཕྱོགས་སྲ་བརྟན་དུ་བཏང་ནས། ཏང་གི་དགོངས་དོན་ལག་ཏུ་བསྟར་བ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་ལག་ཏུ་བསྟར་ནས་ཏང་དང་མི་དམངས་བར་གྱི་ཤ་ཁྲག་གི་འབྲེལ་བ་སྲུང་འཛིན་བྱས་ཏེ། རང་འགུལ་གྱིས་མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དེ་ལས་དོན་སོ་སོའི་ཁྲོད་དངོས་འབེབས་བྱེད་པ་དང་། ནན་ཏན་གྱིས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་བཏང་ནས་དེང་རབས་ཅན་གྱི་འཛུགས་སྐྲུན་གྲུབ་འབྲས་ཀྱིས་སྔར་ལས་མང་ཞིང་སྔར་ལས་དྲང་གཞག་སྒོས་མི་དམངས་ཡོངས་ལ་ཁེ་ཕན་བསྐྲུན་དགོས། ཤུགས་ཆེན་པོས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་པ་དང་། མ་འོངས་པར་ང་ཚོའི་དངོས་པོའི་འཚོ་བ་ཇི་འདྲའི་ཕུན་སུམ་ཚོགས་ན་ཡང་། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་ནི་ནམ་ཡང་དོར་མི་རུང་ལ། ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་དངོས་སྒྲུབ་ཀྱིས་བློ་ཤུགས་གཅིག་སྒྲིལ་སྒོས་རང་ཉིད་ཀྱི་ལས་དོན་ལེགས་པོར་སྒྲུབ་དགོས་པ་དང་། རྒྱལ་ཁབ་དང་མི་རིགས་ཀྱི་འཕེལ་རྒྱས་དེ་རང་ཉིད་ཀྱི་ནུས་ཤུགས་འདོན་སའི་གཞི་འབབ་སར་འཇོག་དགོས། གསར་བརྗེ་རྒན་རབས་པ་དང་གུང་ཁྲན་ཏང་མིས་བཞག་པའི་གཟི་བརྗིད་ཀྱི་སྲོལ་རྒྱུན་དང་ཕུལ་བྱུང་ཉམས་འགྱུར་དེ་རྒྱུད་འཛིན་དང་དར་སྤེལ་ལེགས་པོ་གཏོང་དགོས་ལ། ཏང་གི་རང་ཉིད་གསར་བརྗེར་སྐུལ་འདེད་གཏོང་བར་གཞོལ་བ་དང་བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་སྐུལ་འདེད་གཏོང་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་ཏང་གི་སྔོན་ཐོན་རང་བཞིན་དང་དག་གཙང་རང་བཞིན་སྲུང་འཛིན་བྱས་ནས་ཏང་ནི་ནམ་ཡང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འགྱུར་མེད་མགོ་ཁྲིད་ཀྱི་སྲོག་ཤིང་དུ་འགྱུར་བར་ཁག་ཐེག་བྱེད་དགོས། འཐབ་རྩོད་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ནུས་པ་མཐོར་འདེགས་སུ་གཏོང་དགོས་པ་དང་། བློ་ཐག་རྦད་ཆོད་ཀྱིས་མདུན་སྐྱོད་བགྲོད་ལམ་སྟེང་གི་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བ་དང་། ཞུམ་མེད་འཐབ་རྩོད་ལ་བརྟེན་ནས་ལས་དོན་འཕེལ་རྒྱས་ཀྱི་ཡུལ་ཁམས་གསར་བ་བསྐྲུན་དགོས།
རྩོམ་ཡིག་ལས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་མིག་སྔར་དང་རྗེས་ཕྱོགས་དུས་སྐབས་ཤིག་རིང་གི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བྱེད་ཕྱོགས་གཏན་འཁེལ་བྱས་ཡོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་རྔམ་བརྗིད་ཀྱི་འཆར་འགོད་བཟོས་ཡོད། ང་ཚོ་རྒྱང་སྐྱོད་གསར་བའི་བགྲོད་ལམ་དུ་ཞུགས་ནས། འབད་འཐབ་ཀྱི་དམིགས་འབེན་གསར་བར་ཁ་ཕྱོགས་ཏེ་ལམ་ལ་ཆས་དགོས།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།