སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་བསྟན་དོན། “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བའི་དེང་རབས་ཅན་ཡིན། མཉམ་དུ་ཕྱུག་པོར་འགྱུར་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་ལ། དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཀྱང་ཡིན། ང་ཚོས་མི་དམངས་ཀྱིས་དགའ་སྐྱིད་འཚོ་བར་བཅངས་པའི་རེ་སྨོན་མངོན་འགྱུར་བྱ་རྒྱུ་དེ་དེང་རབས་ཅན་འཛུགས་སྐྲུན་གྱི་འགོ་རྩོམ་ས་དང་མཐའ་མཇུག་གི་འབབ་སར་བརྩི་བ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཚོགས་དྲང་སྙོམས་དང་དྲང་བདེན་ཡོང་བར་སྲུང་སྐྱོང་དང་སྐུལ་འདེད་ཤུགས་ཆེན་གཏོང་བ། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། མཐའ་གཉིས་སུ་གྱེས་པ་རྦད་དེ་སྔོན་འགོག་བྱེད་དགོས། འདིས་ང་ཚོས་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་བའི་རྩ་བའི་དམིགས་ཡུལ་དང་ཁ་ཕྱོགས་གསལ་བོ་གསལ་བཤད་གང་ལེགས་བྱས་ཡོད་ལ། ཀྲུང་གོའི་ལུགས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་མངོན་གསལ་དུ་མཚོན་ཡོད།
མཉམ་དུ་ཕྱུག་པོར་འགྱུར་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་རིང་གི་མཛེས་སྡུག་ལྡན་པའི་རེ་སྒུག་དང་ཀྲུང་གོ་གུང་ཁྲན་ཏང་གི་བློ་བརྟན་འགྱུར་མེད་ཀྱི་འབད་འཐབ་དམིགས་འབེན་ཡིན་ཞིང་། ང་ཚོའི་ཏང་གིས་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་བཞིན་ཡོད།
མའོ་ཙེ་ཏུང་གིས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་དུས་སྐབས་སུ། “ཕྱུག་འགྱུར་དེ་ནི་ཐུན་མོང་གི་ཕྱུག་འགྱུར་ཡིན་ལ། སྟོབས་ལྡན་དེ་ནི་ཐུན་མོང་གི་སྟོབས་ལྡན་ཡིན་པས་ཚང་མར་འགན་ཡོད་པ་རེད”ཅེས་གསུངས་ཡོད།
བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དུས་སྐབས་གསར་པར་སླེབས་སྐབས། ཏིན་ཞའོ་ཕེན་གྱིས“སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཆེ་ཤོས་ནི་མཉམ་དུ་ཕྱུག་པོར་འགྱུར་རྒྱུ་དེ་ཡིན་ཞིང་། འདི་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་མཚོན་བྱེད་ཅིག་ཡིན།” “སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་ནི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་། ཐོན་སྐྱེད་ནུས་ཤུགས་གོང་སྤེལ། བཤུ་གཞོག་མེད་པར་བཟོ་བ། མཐའ་གཉིས་སུ་གྱེས་པའི་སྣང་ཚུལ་མེད་པར་གཏོང་བ་བཅས་བྱས་ནས། མཇུག་མཐར་མཉམ་དུ་ཕྱུག་པོར་འགྱུར་བར་བྱ་རྒྱུ་དེ་ཡིན”ཞེས་གསུངས་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་སླེབས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཉམ་དུ་ཕྱུག་པོར་འགྱུར་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་དང་མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་རེ་སྒུག་ཡིན་ཞིང་། ང་ཚོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་མཐར་གཏུགས་ནས་བརྗོད་ན་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་རྒྱུ་དེ་ཡིན”ཞེས་ནན་བཤད་གནང་ཡོད། རྒྱལ་ཁབ་དངོས་གནས་སྟོབས་འབྱོར་ལྡན་པ་དེ། མི་དམངས་ཡོངས་ཕྱུག་པོར་འགྱུར་ཐུབ་པ་དེ་རེད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་དང་འགྱུར་ལྡོག་གསར་པར་སྟངས་འཛིན་བྱས་ཏེ། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བ་རིམ་བཞིན་མངོན་འགྱུར་བྱ་རྒྱུ་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་ཐོག་བཞག་ནས། མཉམ་དུ་ཕྱུག་པོར་འགྱུར་བར་ཕྱོགས་ཡོངས་ནས་འཆར་འགོད་དང་བརྒྱུད་རིམ་ལྡན་པའི་ཇུས་འགོད་བྱས་པ་དང་། དུས་ཚོད་རེའུ་མིག་དང་ལམ་ཐིག་དཔེ་རིས་གསལ་བོ་བཟོས་ནས་གྲུབ་འབྲས་གསར་པ་ཐོབ་ཡོད།
མཉམ་དུ་ཕྱུག་པོར་འགྱུར་རྒྱུ་ནི་མིའི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་ཁྲོད་ཀྱི་དཀའ་གནད་ཅིག་ཡིན་ཞིང་། ད་ལྟའི་བར་དུ་རྒྱལ་ཁབ་གང་ཞིག་གིས་ཀྱང་གནད་དོན་དེ་ཐག་གཅོད་གང་ལེགས་བྱས་མེད། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁ་ཤས་སུ་སྤྱི་ཚོགས་ཀྱི་རྒྱུ་ནོར་རྒྱུན་ཆད་མེད་པར་འཕར་སྣོན་བྱུང་བ་དང་དུས་མཚུངས་སུ། དུས་ཡུན་རིང་པོར་དབུལ་ཕྱུག་གི་བར་ཁྱད་ཆེ་བ་དང་མཐའ་གཉིས་སུ་གྱེས་ཡོད། ལ་ཏིན་མེ་གླིང་གི་རྒྱལ་ཁབ་ཁ་ཤས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་དེ་འདྲ་མི་མཐོ་མོད། འོན་ཀྱང་བགོ་བཤའི་ཐད་བར་ཁྱད་ཧ་ཅང་ཆེན་པོ་ཡོད། ང་ཚོས་བཤད་པའི་མཉམ་དུ་ཕྱུག་པོར་འགྱུར་རྒྱུ་ནི་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བར་བྱ་རྒྱུ་དེ་ཡིན་ལ། མི་དམངས་མང་ཚོགས་ཀྱི་དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བ་ཕྱུག་པོར་འགྱུར་བར་བྱ་རྒྱུ་དེ་ཡིན་པ་ལས། མི་ཉུང་ཤས་ཤིག་ཕྱུག་པོར་འགྱུར་རྒྱུ་དེ་མིན་ཞིང་། གཅིག་གྱུར་གྱི་ཆ་སྙོམས་རིང་ལུགས་ཀྱང་མིན་ལ། “ཕན་བདེའི་རིང་ལུགས”སྤེལ་བ་ལྟ་བུའི་བྱེད་སྟངས་ཤིག་དེ་བས་ཀྱང་མིན། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་རྒྱུ་ནི་སྤྱི་ཡོངས་ཀྱི་དོན་ཞིག་ཡིན་ཞིང་། སྤྱི་ཚོགས་ཡོངས་ལ་མཚོན་ནས་བཤད་ན། གྲོང་ཁྱེར་དང་གྲོང་གསེབ་ཁག་གཅིག་དང་། ཡང་ན་ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་ཀྱི་ས་ཁུལ་ལ་སོ་སོར་ཁག་གཅིག་བགོ་བ་བཅས་བྱེད་མི་རུང་བར་སོ་སོས་དམིགས་ཚད་བཏོན་ཏེ། ཁྱོན་ཡོངས་ཀྱི་ཐོག་ནས་ཁོང་དུ་ཆུད་པར་བྱ་དགོས། ད་ལྟ་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་བའི་ལོ་རྒྱུས་ཀྱི་དུས་རིམ་དུ་སླེབས་ཡོད། མཉམ་དུ་ཕྱུག་པོར་འགྱུར་བའི་དམིགས་འབེན་མངོན་འགྱུར་བྱ་དགོས་ན། ཐོག་མར་རྒྱལ་ཡོངས་མི་དམངས་ཀྱིས་མཉམ་དུ་འབད་འཐབ་བྱས་ནས་སྤྱི་ཡོངས་དཔལ་འབྱོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ནོར་སྲིད་ཀྱི་ཡོང་འབབ་འཕར་སྣོན་བྱེད་པ་དང་། དེ་ནས་ལུགས་མཐུན་གྱི་ལམ་ལུགས་བཀོད་སྒྲིག་ལ་བརྟེན་ནས་འཕར་སྣོན་དང་བགོ་བཤའི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། ནོར་སྲིད་མ་དངུལ་དེ་དག་བགོ་བཤའ་ཡག་པོ་བརྒྱབ་ནས་ཕན་ནུས་ཆེན་པོ་འདོན་སྤེལ་བྱེད་དགོས། ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་སྔར་ལས་རང་རྟོགས་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་དམངས་ཀྱིས་དགའ་སྐྱིད་འཚོ་བར་བཅངས་པའི་རེ་སྨོན་དང་བསྟུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། རང་རྟོགས་སྒོས་ས་ཁུལ་གྱི་བར་ཁྱད་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བར་ཁྱད། ཡོང་འབབ་བགོ་བཤའི་བར་ཁྱད་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པ། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ། བགོ་བཤའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ལས་སྟེགས་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བ། སྒེར་སྡེམ་དང་མ་རྩ་གོ་རིམ་མེད་པར་རྒྱ་སྐྱེད་པ་སྔོན་འགོག་བྱེད་པ། མི་དམངས་མང་ཚོགས་ལ་འཕྲད་པའི་གནད་དོན་ཐག་གཅོད་ལེགས་པོ་བཅས་བྱས་ཏེ། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བར་སྔར་ལས་མངོན་གསལ་ཡིན་པའི་ངོ་བོ་རང་བཞིན་གྱི་འཕེལ་རིམ་ཐོབ་པར་སྐུལ་འདེད་གཏོང་དགོས།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བའི་གཟི་བརྗིད་ཀྱི་ལས་འགན་ཕྲག་ཏུ་འཁུར་ཡོད་པས། དེ་ནི་ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་གོ་མི་དམངས། ཀྲུང་ཧྭ་མི་རིགས་བཅས་ཀྱིས་དམིགས་བསལ་དུ་གསར་གཏོད་བྱས་པ་ཞིག་ཡིན་ཞིང་། རང་ཉིད་ཀྱི་ལག་ལེན་ལ་བརྟེན་ནས་ནུབ་ཕྱོགས་ལུགས་ཀྱི་དེང་རབས་ཅན་ལ་རྨོངས་དད་བྱེད་པའི་འཆིང་རྒྱ་གཏོར་བ་དང་། ཐིག་གཤིས་འཕེལ་རྒྱས་ཀྱི་གཏན་ཚིགས་ལས་བརྒལ་བ། མ་རྩས་གཙོ་ཁྲིད་བྱེད་པའི་གཏན་ཚིགས་ལས་བརྒལ་བ། “རྒྱལ་སྟོབས་ཆེ་ན་བཙན་ངེས”ཞེས་པའི་གཏན་ཚིགས་ལས་བརྒལ་བ་བཅས་བྱས་ཡོད་པས། ས་སྟེང་གི་འགྲོ་ལམ་ཡང་དག་པ་ཞིག་རེད། དུས་མཚུངས་སུ། མཉམ་དུ་ཕྱུག་པོར་འགྱུར་རྒྱུ་ནི་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཡིན་པས། བྱེད་ཐེངས་གཅིག་ལ་འགྲུབ་ཐུབ་པ་ཞིག་མིན་པ་དང་། དེའི་ཡུན་རིང་གི་རང་བཞིན་དང་། དཀའ་ཚེགས་ཆེ་བའི་རང་བཞིན། རྙོག་འཛིང་ཆེ་བའི་རང་བཞིན་བཅས་ལ་ཚོད་དཔག་གང་ལེགས་བྱས་ཏེ། གང་ནུས་དེ་སྒྲུབ་དང་། འཁོས་དཔག་ལས་སྒྲུབ། གོམ་པ་རིམ་བགྲོད་བཅས་རྒྱུན་འཁྱོངས་བྱེད་པ་དང་། འཐབ་ཇུས་ཐོག་གི་ངང་རྒྱུད་རིང་པོ་རྒྱུན་འཁྱོངས་བྱེད་པ། ཏན་ཏན་ཏིག་ཏིག་དང་སྙིང་རུས་གཏན་འཁྱོངས་བྱེད་པ། རྒྱུན་མཐུད་སྒོས་སྐུལ་སྤེལ་བཅས་བྱས་ནས། རྒྱུན་ཆད་མེད་པར་གྲུབ་འབྲས་ལེན་དགོས་པ་ངེས་པར་དུ་ཤེས་རྟོགས་བྱ་དགོས།
ཡིག་སྒྱུར་བ།སྒྲོལ་མ་སྐྱིད།