ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
“རང་རྒྱལ་གྱི་འཕེལ་རྒྱས་དེ་སྔར་ལས་མཐོ་བའི་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་ཐོག་གནས་ཡོད”། ཟླ12ཚེས15ནས་ཚེས16ཉིན་བར་འཚོགས་པའི་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་ཐོག ད་ལོའི་ཚུན་ལ་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས་ཡོད་ལ། འདས་ཟིན་པའི་ལོ་ལྔ་དང་དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་གྱི་གྲུབ་འབྲས་དང་འཕོ་འགྱུར་ལ་ཚད་མཐོའི་གདེང་འཇོག་ཀྱང་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་སྟེ། 2022ལོའི་དཔལ་འབྱོར་བྱ་བར་ཕྱོགས་སྡོམ་གཏིང་ཟབ་དང་མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་གནང་བ་དང་། 2023ལོའི་དཔལ་འབྱོར་བྱ་བར་བཀོད་སྒྲིག་གལ་ཆེན་གནང་ནས་སང་ལོའི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་འགོ་ཡག་པོ་རྩོམ་པ་དང་གོམ་པ་བརྟན་པོ་སྤོ་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག ད་ལོ་ནི་གལ་འགངས་ཤིན་ཏུ་ཆེ་བའི་ལོ་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་ནས་མིག་སྔར་དང་ཕྱིན་ཆད་དུས་སྐབས་ཤིག་གི་ཏང་དང་རྒྱལ་ཁབ་ཀྱི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་གཏན་འཁེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་གཞི་བཀོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པར་བསྐྱོད་པར་གོམ་པ་བརྟན་པོ་སྤོས་ཡོད། ལོ་གཅིག་གི་རིང་། རྒྱལ་སྤྱིའི་ཁོར་ཡུག་རྙོག་འཛིང་ཆེ་བ་དང་རྒྱལ་ནང་གི་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་གསུམ་གྱི་ལས་འགན་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བས། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཁོར་ཡུག་གི་རྙོག་འཛིང་རང་བཞིན་དང་། ཛ་དྲག་རང་བཞིན། ངེས་གཏན་མེད་པའི་རང་བཞིན་བཅས་ཆེ་རུ་སོང་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་མཛད་དེ། དཀའ་ངལ་ལ་མི་འཛེམ་པར་མདུན་སྐྱོད་བྱས་ནས། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས། སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནས་བབ་བརྟན་བརླིང་ཡོང་བ་སྲུང་འཛིན་བྱས་ཡོད། ལོ་གཅིག་གི་རིང་། རང་རྒྱལ་གྱི་འཕེལ་རྒྱས་ཀྱི་སྤུས་ཚད་བརྟན་བརླིང་ངང་ཇེ་མཐོར་ཕྱིན་པ་དང་། ཚན་རྩལ་གསར་སྐྲུན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ། བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་ཕྱིན་པ། ལས་ཞུགས་དང་དངོས་གོང་གཞི་རྩའི་ཆ་ནས་བརྟན་བརླིང་ཡིན་པ། འབྲུ་རིགས་བདེ་འཇགས་དང་། ནུས་རྒྱུ་བདེ་འཇགས། མི་དམངས་ཀྱི་འཚོ་བ་འགན་ལེན་ནུས་ལྡན་བཅས་བྱུང་ཡོད། ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་ཕན་ཚུན་མཉམ་གནས་ཀྱི་རྙོག་འཛིང་ཆེ་བའི་གནས་བབ་འོག སྔོན་དཔག་ལས་བརྒལ་བའི་རྒྱུ་རྐྱེན་གྱི་ཕོག་ཐུག་དང་དཀའ་ཚེགས་སྔར་ལས་མང་པོ་དང་ཐ་ན་སྔར་བྱུང་མ་མྱོང་བའི་དཀའ་ཚེགས་ཀྱི་མདུན་དུ་ང་ཚོར་འདི་ལྟ་བུའི་གྲུབ་འབྲས་ཐོབ་པ་ནི་ལས་སླ་པོ་ཞིག་མིན་པས་གཅེས་སྤྲས་ལྡབ་འགྱུར་བྱེད་དགོས།
དུས་རབས་གསར་པའི་ཚུན་གྱི་ལོ་བཅུར་ཕྱིར་མིག་བལྟས་ཚེ། ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཆེས་རྒྱུན་ལྡན་མིན་པ་དང་ཆེས་སྤྱིར་བཏང་མིན་ཞིང་། ང་ཚོའི་མདུན་དུ་ལྷགས་པའི་གནས་བབ་རྙོག་འཛིང་ཆེ་བ་དང་། འཐབ་རྩོད་ཛ་དྲག་ཡིན་པ། བཅོས་སྒྱུར་དང་འཕེལ་རྒྱས་བརྟན་བརླིང་གསུམ་གྱི་ལས་འགན་དཀའ་ཚེགས་ཆེ་བ་བཅས་ནི་འཛམ་གླིང་སྟེང་མཐོང་དཀོན་པ་དང་ལོ་རྒྱུས་ཐོག་མཐོང་དཀོན་པ་ཞིག་ཡིན་ལ། འགྲན་སློང་ལས་རྣམ་པར་རྒྱལ་བའི་ཁྲོད་དུ་འཕེལ་རྒྱས་དང་། ཆར་རླུང་གི་ཉམས་སད་ཐེབས་པའི་ཁྲོད་དུ་འཚར་ལོངས། ཉམས་སད་ཐེག་ཟིན་པའི་ཁྲོད་དུ་རྒྱ་སྐྱེད་བཅས་བྱུང་ཡོད། ལོ་བཅུའི་རིང་རང་རྒྱལ་གྱི་དཔལ་འབྱོར་སྤྱི་འབོར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། འཛམ་གླིང་གི་དཔལ་འབྱོར་འཕར་ཚད་ལ་ལེགས་སྐྱེས་འབུལ་ཚད་གོ་ལ་ཧྲིལ་པོར་ཨང་དང་པོར་སླེབས་པ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་ཕྱིན་པ། འཕེལ་རྒྱས་ཀྱི་དོ་སྙོམས་རང་བཞིན་དང་མཐུན་སྦྱོར་རང་བཞིན། བསྟུན་མཁས་རང་བཞིན་བཅས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ། སྐྱེ་ཁམས་ཁོར་ཡུག་མངོན་གསལ་སྒོས་ཇེ་ལེགས་སུ་ཕྱིན་པ། “རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པའི་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བ། གསར་སྐྲུན་རྣམ་པའི་རྒྱལ་ཁབ་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ང་ཚོས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་སྒོ་ནས་དབུལ་པོ་དབུལ་ནག་གི་གནད་དོན་ཐག་གཅོད་བྱས་པ་དང་། དུས་བཅད་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཚར་བ། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་བའི་ཐོག་བསྐྱོད་ཡོད། ལྷག་པར་དུ་འདས་པའི་ལོ་ལྔའི་ནང་ང་ཚོས་འཛམ་གླིང་ལ་འགྱུར་ལྡོག་འབྱུང་ཚད་ཇེ་མགྱོགས་སུ་འགྲོ་བ་དང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་རྡུང་རྡེག་ཐེབས་པ། རྒྱལ་ནང་གི་དཔལ་འབྱོར་མར་ཆག་པ་སོགས་ཀྱི་ཉམས་སད་མང་པོ་ཐེག་ནས། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོབ་ནུས་ལྡན་བྱས་པས། དཔལ་འབྱོར་ལོ་རེར་ཆ་སྙོམས་ཀྱིས5%ཡན་འཕར་དེ་གོ་ལ་ཧྲིལ་པོའི་ཆ་སྙོམས་ཆུ་ཚད་ལས་བཟང་བ་བྱུང་ཡོད། དུས་རབས་གསར་པའི་ལོ་བཅུ་ནི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ། སྤུས་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་བྱུང་བའི་ལོ་བཅུ་ཡིན་ཞིང་། རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་སྔར་ལས་མཐོ་བ་དང་། ལས་ཆོད་སྔར་ལས་ཆེ་བ། སྔར་ལས་དྲང་སྙོམས། སྔར་ལས་རྒྱུན་མཐུད། སྔར་ལས་བདེ་འཇགས་བཅས་ཀྱི་འཕེལ་རྒྱས་ལམ་བུར་སྐྱོད་པར་དངོས་པོའི་རྨང་གཞི་སྔར་ལས་བརྟན་པོ་དང་སྔར་ལས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་ཡོད་པར་གྱུར་ཞིང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་བློ་སྟོབས་དང་། ངར་ཤུགས། གཏིང་ཤུགས་བཅས་ཇེ་ཆེར་སོང་བ་དང་། ནུས་ཤུགས་ཡོད་རྒུས་མདུན་སྐྱོད་ཀྱི་བགྲོད་ལམ་ཐོག་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་དང་བརྟན་ཤུགས་ཇེ་ཆེར་སོང་ཡོད།
ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་ཐོག “དཔལ་འབྱོར་བྱ་བ་བཟང་བོར་སྒྲུབ་དགོས་ན། ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ལྷག་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས”དང་། “འཕེལ་རྒྱས་ནི་ཏང་གི་སྲིད་འཛིན་རྒྱལ་དར་གྱི་ལས་འགན་ཨང་དང་པོ་ཡིན་པ་རྒྱུན་འཁྱོངས”། “བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས”། “སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ”། “ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས”། “དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་ཁྲིམས་སྐྱོང་གི་རྐྱེན་སྲོལ་ཐོག་འཁོར་སྐྱོད་ཐུབ་པ་རྒྱུན་འཁྱོངས”བཅས་བྱེད་དགོས་ཞེས་བསྟན་ཡོད། འདི་ནི་དུས་རབས་གསར་པའི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལག་ལེན་ལ་ཕྱོགས་སྡོམ་གཏིང་ཟབ་བྱས་པ་ཞིག་དང་། ང་ཚོའི་ཏང་གིས་དཔལ་འབྱོར་བྱ་བ་བཟང་བོར་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་ཏུ་སོང་བ་ཞིག་ཡིན།
དུས་རབས་གསར་པའི་ལོ་བཅུའི་རླབས་ཆེན་གྱི་གྲུབ་འབྲས་དང་འཕོ་འགྱུར་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཁྲིད་སྟོན་འོག ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ནས་ཐོབ་པ་ཞིག་ཡིན། “གཏན་འཁེལ་གཉིས”ནི་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བ་དང་། ངེས་གཏན་མེད་པའི་རང་བཞིན་མཐའ་དག་ལ་ཁ་གཏད་འཇལ་བའི་གཏན་འཁེལ་རང་བཞིན་ཆེ་ཤོས་དང་། གཏིང་ཤུགས་ཆེ་ཤོས། འགན་ལེན་ཆེ་ཤོས་བཅས་ཡིན་པ་དང་། མདུན་སྐྱོད་ཀྱི་ལམ་བུའི་སྟེང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཏང་ཀྲུང་དབྱང་གི་དབང་ཐང་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ཏེ། ཏང་འདི་ཉིད་དཀའ་ངལ་ལ་འཕྲད་སྐབས་ཐོག་མཐའ་བར་གསུམ་དུ་དམངས་ཡོངས་ཀྱི་བློས་འཁེལ་ཆོག་པའི་སྲོག་ཤིང་དུ་འགྱུར་བར་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་ལ་མཐུན་སྒྲིལ་འབད་འཐབ་ཀྱི་ཆབ་སྲིད་ཀྱི་གོང་བུ་འགྲིལ་ཤུགས་དང་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེན་པོ་ལྡན་པར་འགན་ལེན་ཏན་ཏིག་བྱས་ནས། ཀུན་སེམས་གཅིག་སྒྲིལ་དང་དུས་ངལ་མཉམ་སེལ་གྱི་བརྗིད་ཆེའི་སྟོབས་ཤུགས་གཅིག་སྒྲིལ་བྱེད་ཐུབ་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ལས་འགན་ཨང་དང་པོ་ཡིན་པ་སྟངས་འཛིན་ནན་མོ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཡང་དག་པ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། དངོས་ཐོག་བདེན་འཚོལ་དང་། ཆོས་ཉིད་ལ་བརྩི་འཇོག མ་ལག་འདུ་ཤེས། མཐའ་ཚད་ཀྱི་བསམ་གཞིགས་བཅས་རྒྱུན་འཁྱོངས་བྱེད་པ་དང་། ལག་ལེན་དེ་སྲིད་ཇུས་ཁག་དང་བྱ་བའི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་ཚད་གཞིར་བརྩི་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་བཅོས་སྒྱུར་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”རྒྱུན་འཁྱོངས་བྱེད་པ། སྒྲིག་སྲོལ་དང་། སྒྲིག་ལུགས། དོ་དམ། ཚད་གཞི་སོགས་ལམ་ལུགས་རང་བཞིན་གྱི་སྒོ་འབྱེད་བརྟན་བརླིང་ངང་རྒྱ་སྐྱེད་པ། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་པ་བཅས་བྱས་ཚེ། ཀྲུང་གོའི་དཔལ་འབྱོར་གྱི་གྲུ་གཟིངས་རྒྱ་མཚོར་གཤགས་ནས་མདུན་སྐྱོད་བྱེད་ཐུབ་ངེས་ཡིན་པ་ལག་ལེན་ལས་ར་སྤྲོད་གང་ལེགས་བྱུང་ཡོད།
མིག་སྔར། འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་སྔར་བྱུང་མ་མྱོང་བའི་བྱེད་ཐབས་ཐོག་ནས་སྤེལ་བཞིན་ཡོད་པ་དང་། རང་རྒྱལ་གྱི་དཔལ་འབྱོར་སླར་གསོའི་རྨང་གཞི་ད་དུང་བརྟན་པོ་མིན་མོད། འོན་ཀྱང་རང་རྒྱལ་དཔལ་འབྱོར་གྱི་མཉེན་ཤུགས་ཆེ་བ་དང་། གཏིང་ཤུགས་ཆེ་བ། གསོན་ཤུགས་ཀྱིས་ཁེངས་ཡོད། སྲིད་ཇུས་སྣ་ཚོགས་ཀྱི་ཕན་འབྲས་ཀྱང་མུ་མཐུད་དུ་མངོན་ནས་སང་ལོའི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་འཕར་ངེས་ཡིན་པ་མཐོང་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁའི་འགྲན་སློང་ལ་ཚན་རིག་དང་མཐུན་པར་སྟངས་འཛིན་གནང་ནས། སང་ལོའི་དཔལ་འབྱོར་བྱ་བར་བཀོད་སྒྲིག་གལ་ཆེན་གནང་བ་ལས། རྙོག་འཛིང་ཆེ་ལ་འགྱུར་ལྡོག་ཆེ་བའི་གནས་བབ་འོག་ཏང་ཀྲུང་དབྱང་གིས་དཔལ་འབྱོར་བྱ་བར་ཁ་ལོ་སྒྱུར་བའི་ཁྱད་དུ་འཕགས་པའི་བློ་གྲོས་དང་འཇོན་ཐང་མངོན་ཡོད། སང་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་རྩོམ་པའི་ལོ་ཡིན་པས། དཔལ་འབྱོར་བྱ་བ་བཟང་བོར་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་དཔལ་འབྱོར་བྱ་བའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ནས། རང་རྒྱལ་གྱི་དཔལ་འབྱོར་ཡུན་རིང་བཟང་ཕྱོགས་སུ་འཕེལ་བའི་གཞི་རྩའི་གནས་ཚུལ་མི་འགྱུར་བའི་གནས་བབ་ཆེན་པོར་སྟངས་འཛིན་དང་། རང་རྒྱལ་གྱི་འཕེལ་རྒྱས་འཐབ་ཇུས་རང་བཞིན་གྱི་ནུས་ཡོད་ཆ་རྐྱེན་སྟངས་འཛིན་བྱེད་པ། དཔལ་འབྱོར་བྱ་བ་བཟང་བོར་སྒྲུབ་པའི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། འགྱུར་ལྡོག་གསལ་པོ་མཐོང་བ་དང་ངོས་འཛིན་གནད་སྨིན་བྱེད་པ། འགྱུར་ལྡོག་ལ་བྱ་ཐབས་གནད་སྨིན་སྤྱོད་པ། རང་འགུལ་གྱིས་འགྱུར་ལྡོག་ཡོང་ཐབས་བྱེད་པ། ངལ་བ་དང་དུ་བླངས་ནས་ཡར་བརྩོན་དང་འབད་འབུངས་མདུན་སྐྱོད། ཉམས་ཉེན་ཁྲོད་ནས་གོ་སྐབས་སྐྲུན་པ་དང་འགྱུར་ལྡོག་ཁྲོད་ནས་རྣམ་པ་གསར་པ་གཏོད་པ། སེམས་ཤུགས་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་བྱ་བ་བཟང་བོར་སྒྲུབ་པ་བཅས་བྱས་ཏེ། ཞུམ་མེད་ཀྱི་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།
སང་ལོའི་དཔལ་འབྱོར་བྱ་བའི་སྲིད་དོན་གལ་ཆེའི་བྱེད་ཕྱོགས་གཏན་འཁེལ་བྱས་ཟིན་པས། དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་ནས་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། སྤུས་ཚད་ནུས་ལྡན་ངང་མཐོར་གཏོང་དང་གྲངས་ཚད་ལུགས་མཐུན་ངང་འཕར་བར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་ཆེད་འགོ་ཡག་པོ་རྩོམ་པ་དང་གོམ་པ་བརྟན་པོ་སྤོ་བའི་ལས་འགན་ཕྲག་ཏུ་བབས་ཡོད་ལ་འགན་འཁྲི་ཡང་ལྕི་བ་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ། ཡིད་ཆེས་བརྟན་པོ་དང་། དངོས་འཛིན་དངོས་སྒྲུབ། ཞུམ་མེད་མདུན་སྐྱོད་བཅས་བྱས་ནས། ཧུར་ཐག་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ལེགས་སྒྲུབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
ཡིག་སྒྱུར་བ།སྒྲོལ་མ་སྐྱིད།