སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཡིན”ཞེས་བསྟན་ཡོད། གནད་ལ་འཁེལ་བའི་ཆོད་གཏམ་འདིའི་ཚན་རིག་གི་དོན་སྙིང་ཡང་དག་པས་ཁོང་དུ་ཆུད་པར་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད།
མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཆེས་གཞི་རྩར་གྱུར་པའི་འབྲེལ་བ་ཡིན། མི་དང་རང་བྱུང་ཁམས་ནི་ཚེ་སྲོག་གཅིག་མཐུན་ཚོགས་པ་ཡིན་ལ། རང་བྱུང་ཁམས་ལས་ཚོད་མེད་ལེན་རྐྱང་བྱས་པ་དང་ཐ་ན་རང་བྱུང་ཁམས་ལ་གཏོར་བརླག་བཏང་ན་རང་བྱུང་ཁམས་ཆེན་པོས་འཁོན་ལག་སློག་ངེས་རེད། མིའི་རིགས་བྱུང་བ་ནས་བཟུང་རང་བྱུང་ཁམས་དང་དམ་དུ་འབྲེལ་ཡོད་པས། དེང་རབས་ཅན་གྱིས་འབྲེལ་བ་འདི་ལྡབ་འགྱུར་གྱིས་རྒྱ་བསྐྱེད་དང་གཏིང་ཟབ་ཏུ་བཏང་ཡོད། ནུབ་ཕྱོགས་ཀྱི་དེང་རབས་ཅན་གྱི་རྣམ་པའི་འོག་ཏུ། མ་རྩས་ཁེ་སྤོགས་ཚོད་མེད་ཀྱིས་རགས་ཐབས་བྱས་པས། རང་བྱུང་ཁམས་ལས་ཚད་མེད་པར་རྒྱུ་ནོར་ལེན་པ་དང་། དངོས་པོའི་རྒྱུ་ནོར་ཧ་ཅང་ཕུན་སུམ་ཚོགས་པོ་བསྐྲུན་པ་དང་ཆབས་ཅིག བསམ་ཡུལ་ལས་འདས་པའི་ཁོར་ཡུག་གི་རྨ་ཁ་བཟོས་བ་རེད། དུས་རབས20པའི་ལོ་རབས30པ་ནས་ལོ་རབས60པའི་བར་བྱུང་བའི“འཛམ་གླིང་གི་སྤྱི་གནོད་དོན་རྐྱེན་ཆེན་པོ་བརྒྱད”ཀྱིས་ཧ་ཅང་ཡ་ང་བའི་རིན་དོད་ཀྱི་ཐོག་ནས་མིའི་རིགས་ལ་ཉེན་བརྡ་བཏང་ཡོད།
མི་གྲངས་ཀྱི་གཞི་ཁྱོན་ཆེ་བ་དང་དེང་རབས་ཅན་གྱི་རྗེས་ཐོན་རང་བཞིན་གྱིས་རང་རྒྱལ་གྱི་དེང་རབས་ཅན་མངོན་འགྱུར་བྱེད་པར་ཐོན་ཁུངས་ཁོར་ཡུག་གི་ཚོད་འཛིན་སྔར་ལས་ཆེ་བ་འཕྲད་པ་གཏན་འཁེལ་བྱས་ཡོད། རང་རྒྱལ་གྱི་ཐོན་ཁུངས་བསྡོམས་འབོར་ཕུན་སུམ་ཚོགས་པོ་ཡོད་མོད། འོན་ཀྱང་མི་རེའི་ཆ་སྙོམས་ཀྱི་ཐོན་ཁུངས་བཟུང་ཚད་དེ་འཛམ་གླིང་གི་ཆ་སྙོམས་ཆུ་ཚད་ལས་ཆེས་ཆེར་དམའ་བ་རེད། རང་རྒྱལ་གྱི་མི་རེའི་ཆ་སྙོམས་རྨོ་ཞིང་གི་རྒྱ་ཁྱོན་ནི་འཛམ་གླིང་གི་ཆ་སྙོམས་ཆུ་ཚད་ཀྱི་གཉིས་ཆའི་གཅིག་ལས་མེད་པ་དང་། འཚོ་སྡོད་ལ་འཚམ་པའི་ས་ཞིང་གི་རྒྱ་ཁྱོན་གྱིས་རང་རྒྱལ་སྐམ་སའི་རྒྱ་ཁྱོན་གྱི19%ལས་ཟིན་མེད། མི་རེའི་ཆ་སྙོམས་ཀྱི་ཚྭ་མེད་ཆུའི་ཐོན་ཁུངས་ཀྱི་ཚད་ནི་འཛམ་གླིང་གི་ཆ་སྙོམས་ཆུ་ཚད་ཀྱི་བཞི་ཆའི་གཅིག་ཡིན་པ་མ་ཟད། ཡུལ་དུས་ཀྱི་ཁྱབ་ཚུལ་དོ་མི་མཉམ་པ་དང་། སྣུམ་རླངས་དང་། ལྕགས། ཟངས་སོགས་གཏེར་ཁ་འབོར་ཆེན་གྱི་མི་རེའི་ཆ་སྙོམས་གསོག་ཚད་འཛམ་གླིང་གི་ཆ་སྙོམས་ཆུ་ཚད་ལས་དམའ་བ་དང་ཕྱི་ཕྱོགས་སུ་བརྟེན་ཚད་མཐོ་བ། མི་རེའི་ཆ་སྙོམས་ཀྱི་ནགས་ཚལ་རྒྱ་ཁྱོན་ནི་འཛམ་གླིང་གི་ཆ་སྙོམས་ཆུ་ཚད་ཀྱི་ལྔ་ཆའི་གཅིག་ལས་མེད་པ་དང་། ཤིང་ཆ་ཕྱེད་ཀ་ཙམ་ནང་འདྲེན་བྱེད་རྒྱུར་བརྟེན་དགོས་བ་རེད། མི་གྲངས་མང་བ་དང་། ཐོན་ཁུངས་བལྟོས་བཅས་ཀྱིས་མི་འདང་བ། ཁོར་ཡུག་གི་ཐེག་ནུས་ཅུང་ཞན་པ་བཅས་ཀྱི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ངེས་པར་དུ་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཐོན་ཁུངས་དང་ནུས་ཁུངས་ཟད་གྲོན་འབོར་ཆེན་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་ལ་རང་སྣང་གང་ཤར་གྱིས་གཏོར་བརླག་གཏོང་བའི་དེང་རབས་ཅན་གྱི་ལམ་རྙིང་དེ་དོར་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་ལམ་བུའི་ཐོག་ཧུར་ཐག་གིས་བསྐྱོད་དགོས་པ་ཐག་བཅད་ཡོད། དེ་འདྲ་མ་བྱས་ཚེ་རང་རྒྱལ་གྱི་ཐོན་ཁུངས་ཁོར་ཡུག་གི་གནོན་ཤུགས་ཐེག་དཀའ་བ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།“ང་ཚོས་འཛུགས་སྐྲུན་བྱེད་དགོས་པའི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཡིན་པས། དངོས་པོའི་རྒྱུ་ནོར་དང་བསམ་པའི་རྒྱུ་ནོར་སྔར་ལས་མང་པོ་བསྐྲུན་ནས་མི་དམངས་ཀྱི་ཉིན་བཞིན་འཕེལ་རྒྱས་འགྲོ་བའི་དགའ་སྐྱིད་འཚོ་བའི་དགོས་མཁོ་སྐོང་དགོས་ལ། སྤུས་ཀ་ལེགས་པའི་སྐྱེ་ཁམས་ཐོན་རྫས་སྔར་ལས་མང་བ་འདོན་སྤྲོད་བྱས་ནས་མི་དམངས་ཀྱི་ཉིན་བཞིན་འཕེལ་རྒྱས་འགྲོ་བའི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་ཡང་སྐོང་དགོས།” “སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་ནི་རྩོད་སྒྲུབ་ཀྱི་གཅིག་གྱུར་དང་། ཕན་ཚུན་རམ་འདེགས་བྱེད་པ་ཡིན་ལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ལྗང་མདོག་ཐཱན་ཉུང་འཁོར་སྐྱོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དེས། མི་དམངས་ཀྱི་ཉིན་བཞིན་འཕེལ་རྒྱས་འགྲོ་བའི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་སྐོང་ཐུབ་པར་མ་ཟད། སྤུས་ཚད་སྔར་ལས་མཐོ་བ་དང་། ལས་ཕྱོད་སྔར་ལས་ཆེ་བ། སྔར་ལས་དྲང་གཞག་ཡིན་པ། སྔར་ལས་རྒྱུན་མཐུད་ཐུབ་པ། སྔར་ལས་བདེ་འཇགས་ལྡན་པ་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བྱས་ནས། ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྐྱེ་ཁམས་བཟང་བ་བཅས་ཀྱི་དཔལ་ཡོན་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་ཐུབ”། དེས་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཐོག་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འབྲེལ་བ་གསལ་བཤད་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དོན་སྙིང་དང་ཁྱབ་ཁོངས་སྔར་ལས་ཕུན་སུམ་ཇེ་ཚོགས་དང་རྒྱ་སྐྱེད་བཏང་སྟེ། དངོས་པོའི་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་དུས་མཉམ་དུ་སྐུལ་འདེད་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་སྟོན་དང་བསྲུང་བྱ་འདོན་སྤྲོད་བྱས་ཡོད།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་ཁྱོན་ཡོངས་བྱ་བའི་འབུར་ཐོན་གྱི་གོ་གནས་སུ་བཞག་སྟེ། འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ཁྲོད་འཇོག་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་རྒྱུན་འཁྱོངས་བྱ་རྒྱུ་དེ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཇུས་གཞིའི་ཁྲོད་འཇོག་པ། ལྗང་མདོག་འཕེལ་རྒྱས་དེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་ཁྲོད་འཇོག་པ། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་དེ་མཁྲེགས་གཏོར་དམག་འཐབ་ཆེན་པོ་གསུམ་གྱི་ཁྲོད་འཇོག་པ། མཛེས་སྡུག་གི་ཀྲུང་གོ་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་དམིགས་འབེན་ཁྲོད་འཇོག་པ་བཅས་བྱས་ནས། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་མངོན་གསལ་སྒོས་ཇེ་དྲག་ཏུ་སོང་བ་དང་། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ལོ་རྒྱུས་རང་བཞིན་དང་། ཕྱོགས་འགྱུར་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་ཡོད། འོན་ཀྱང་རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བ་དང་། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ད་དུང་དུས་ཡུན་རིང་པོར་དཀའ་སྤྱད་འབད་བརྩོན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པ་ནང་བཞིན། “རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་སྔར་བཞིན་འགལ་བ་དང་འགྲན་སློང་མང་པོ་ལྷགས་ཡོད། སྐྱེ་ཁམས་ཁོར་ཡུག་བརྟན་བརླིང་ངང་བཟང་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རྨང་གཞི་ད་དུང་བརྟན་པོ་མིན་ལ། གྲངས་ཀྱི་འགྱུར་ལྡོག་ནས་ངོ་བོའི་འགྱུར་ལྡོག་བར་གྱི་དཀྱོག་མཚམས་ད་དུང་སླེབས་མེད་པ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་དེ་མི་དམངས་མང་ཚོགས་ཀྱིས་དགའ་སྐྱིད་འཚོ་བར་བཅངས་པའི་རེ་སྒུག་དང་། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་དམིགས་འབེན། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བླང་བྱ་བཅས་དང་བསྡུར་ན་ད་དུང་བར་ཁྱད་ཅུང་ཆེན་པོ་ཡོད”། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་ན། ངེས་པར་དུ་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱས་ཏེ། གྲོན་ཆུང་སྔོན་ལ་འཇོག་པ་དང་། སྲུང་སྐྱོབ་སྔོན་ལ་འཇོག་པ། རང་བྱུང་སླར་གསོ་བཅས་གཙོ་བོར་འཛིན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་དང་། སྦགས་བཙོག་བཅོས་སྐྱོང་། སྐྱེ་ཁམས་སྲུང་སྐྱོབ། གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་བཅས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་བཅས་ལ་སྐུལ་འདེད་བཏང་སྟེ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བར་སྟོང་ཆགས་པར་བྱེད་པ་དང་། ཐོན་ལས་གྲུབ་ཚུལ་དང་ཐོན་སྐྱེད་བྱེད་སྟངས། འཚོ་བ་རོལ་སྟངས་བཅས་ཆགས་པར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱེད་དགོས།
ཡིག་སྒྱུར་བ།སྒྲོལ་མ་སྐྱིད།