སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། མི་དམངས་ཀྱི་བསམ་པའི་འཇིག་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་སྐྲུན་པར་སྐུལ་འདེད་གཏོང་བ། མིའི་རིགས་དཔལ་ཡོན་གྱི་རྣམ་པ་གསར་པ་བཏོད”དགོས་པར་བསྟན་ཡོད། དེ་བས་ངེས་པར་དུ་གོ་བ་ཟབ་མོ་ལེན་པ་དང་། ཡང་དག་པར་ཁོང་དུ་ཆུད་པ། ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱེད་དགོས།
འཛམ་གླིང་ཐོག་གཙིགས་ཏུ་བཀུར་བའི་དེང་རབས་ཅན་གྱི་མ་དཔེ་ཞིག་མེད་པ་དང་། འཛམ་གླིང་ཡོངས་ལ་འཕྲོད་པའི་དེང་རབས་ཅན་གྱི་ཚད་གཞི་ཞིག་ཀྱང་མེད། ཏིན་ཞའོ་ཕིང་གིས་གསུངས་པ་ནང་བཞིན།“ང་ཚོས་སྒྲུབ་པའི་དེང་རབས་ཅན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཡིན་པ་དང་། ང་ཚོས་འཛུགས་སྐྲུན་བྱེད་པའི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཡིན།” ཀྲུང་གོ་གསར་པ་དབུ་བརྙེས་པ་དང་། ལྷག་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་གྱི་དུས་ཡུན་རིང་པོའི་འཚོལ་ཞིབ་དང་ལག་ལེན་གྱི་རྨང་གཞིའི་སྟེང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་གཞུང་ལུགས་དང་ལག་ལེན་གྱི་སྟེང་གསར་སྐྲུན་གྱི་ཐོད་བརྒལ་བྱུང་བ་བརྒྱུད་དེ། ང་ཚོ་ཏང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱལ་ཁའི་ངང་སྐུལ་འདེད་དང་རྒྱ་སྐྱེད་བཏང་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་མིའི་རིགས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་པ་བཏོད་ཡོད་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་ཐབས་ལམ་གསར་པ་བཏོད་ཡོད་ལ། ནུབ་ཕྱོགས་མ་རྩ་རིང་ལུགས་ཀྱི་བགྲོད་ལམ་ཁོ་ནས་མ་གཏོགས་དེང་རབས་ཅན་མངོན་འགྱུར་བྱེད་མི་ཐུབ་པའི་ལྷ་སྒྲུང་མེད་པར་བཟོས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱལ་ཁབ་སོ་སོའི་དེང་རབས་ཅན་གྱི་ཐུན་མོང་ཁྱད་ཆོས་ཡོད་ལ། རང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་པའི་ཀྲུང་གོའི་ཁྱད་ཆོས་ཀྱང་ཡོད་པས། ངོ་བོའི་བླང་བྱ་གསལ་པོ་ལྡན།
ངོ་བོའི་ཁྱད་ཆོས་ཀྱི་ཕྱོགས་ནས་བལྟས་ན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན། ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགོ་ཁྲིད་ཀྱི་སྟོབས་ཤུགས་ཡིན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དེད་དེ་སྔ་འཛིན་ཕྱི་བཏོད་དང་། མུ་མཐུད་དུ་རྒྱུན་འཁྱོངས། ལག་བསྟར་དོན་འཁྱོལ། མུ་མཐུད་སྐུལ་འདེད་གཏོང་བ་བཅས་ཀྱི་རྒྱབ་བརྟེན་བཅོལ་ཆོག་པའི་འདེགས་སྐྱོར་ཡིན་ལ། དུས་རབས་གསར་པའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གསར་སྐྲུན་འཕེལ་རྒྱས་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་སྲ་ཞིང་བརྟན་པའི་འགན་སྲུང་ཀྱང་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆེས་མངོན་གསལ་དོད་པའི་ཁྱད་ཆོས་དང་ཆེས་འབུར་དུ་ཐོན་པའི་ཁྱད་སྟོབས་ཡིན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པའི་ཆེས་ཆེ་བའི་རྩ་དོན་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆ་རྐྱེན་འོག་གི་དེང་རབས་ཅན་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞི་རྩའི་ངོ་བོ་དང་མ་འོངས་འཕེལ་ཕྱོགས་ཐག་གཅོད་བྱས་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱ་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་ནུབ་ཕྱོགས་དེང་རབས་ཅན་བགྲོད་ལམ་གྱི་རྩ་བའི་ཁྱད་པར་ཡིན་པ་དང་། དེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཆེས་ངོ་བོའི་བླང་བྱ་ཡང་ཡིན།
ཚན་རིག་གི་གོ་དོན་ཐད་ནས་བལྟས་ན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འབད་འཐབ་དམིགས་འབེན་ནི་རང་རྒྱལ་འདི་ཉིད་སྟོབས་འབྱོར་དང་། དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན་པས། ངེས་པར་དུ་རང་རྒྱལ་གྱི་དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་དཔལ་ཡོན། བསམ་པའི་དཔལ་ཡོན། སྤྱི་ཚོགས་དཔལ་ཡོན། སྐྱེ་ཁམས་དཔལ་ཡོན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་དགོས། དངོས་པོའི་དཔལ་ཡོན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་དགོས་ན། ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ་རྒྱུན་འཁྱོངས་བྱ་རྒྱུ་དེ་ཁ་ཕྱོགས་སུ་བཟུང་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་སྟངས་དང་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མགྱོགས་མྱུར་སྒོས་གྲུབ་པར་བྱས་ནས་དེང་རབས་ཅན་གྱི་དངོས་པོའི་རྨང་གཞི་དང་མི་དམངས་ལ་བདེ་སྐྱིད་འཚོ་བ་སྐྲུན་པའི་དངོས་པོའི་ཆ་རྐྱེན་རྒྱུན་ཆད་མེད་པར་ཇེ་བཟང་དུ་གཏོང་དགོས་པ་དང་། རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་དང་། ཚན་རྩལ་དངོས་ཤུགས། ཕྱོགས་བསྡུས་རྒྱལ་ཤུགས་བཅས་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་དགོས། ཆབ་སྲིད་དཔལ་ཡོན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་ན། ངེས་པར་དུ་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་ཁ་ཕྱོགས་སུ་འཛིན་དགོས་པ་དང་། མི་དམངས་ཀྱི་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་བགྲོད་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ནས་ཕྱོགས་ཡོངས་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་མངོན་འགྱུར་ཡོང་བ་བྱེད་དགོས། བསམ་པའི་དཔལ་ཡོན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་དགོས་ན། ངེས་པར་དུ་མི་དམངས་ཀྱི་བསམ་པའི་འཇིག་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་ཁ་ཕྱོགས་སུ་བཟུང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་དང་། མི་རིགས་ཡོངས་ཀྱི་རིག་གནས་གསར་སྐྲུན་དང་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སློང་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་བསམ་པའི་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་དགོས། སྤྱི་ཚོགས་ཀྱི་དཔལ་ཡོན་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་དགོས་ན། ངེས་པར་དུ་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོར་འགྱུར་རྒྱུ་རྒྱུན་འཁྱོངས་བྱེད་པ་ཁ་ཕྱོགས་སུ་འཛིན་དགོས་པ་དང་། མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྨོན་དེ་དེང་རབས་ཅན་འཛུགས་སྐྲུན་གྱི་འགོ་རྩོམ་ས་དང་རྐང་འཛུགས་སར་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་དང་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་ལ་གསོན་ཤུགས་ཀྱིས་ཁེངས་སུ་འཇུག་དགོས་པར་མ་ཟད། ད་དུང་འཆམ་མཐུན་དང་གོ་རིམ་ལྡན་པར་ཡང་འགན་སྲུང་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་དགོས་ན། ངེས་པར་དུ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་ཁ་ཕྱོགས་སུ་བཟུང་ཏེ། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ལག་བསྟར་བྱས་ནས་བློ་བརྟན་འགྱུར་མེད་ངང་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་ཕྱུག་འགྱུར། སྐྱེ་ཁམས་ལེགས་པའི་དཔལ་ཡོན་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་དེ། ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱསམངོན་འགྱུར་ཡོང་བ་བྱེད་དགོས།
རྒྱལ་སྤྱིའི་ཤུགས་རྐྱེན་གྱི་ཆ་ནས་བལྟས་ན། ཞི་བའི་ཐབས་ཀྱིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་མི་རིགས་བསྐྱར་དར་མངོན་འགྱུར་བྱ་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་མངོན་གསལ་ཅན་ཞིག་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྒྱལ་ཁབ་ཁ་ཤས་ཀྱིས་དམག་འཁྲུག་དང་། མི་སེར་སྤེལ་ཡུལ། འཕྲོག་བཅོམ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་དེང་རབས་ཅན་མངོན་འགྱུར་བྱས་པའི་ལམ་རྙིང་བ་དོར་ཏེ། མཉམ་ལས་མཉམ་རྒྱལ་ལ་བརྟེན་ནས་ཐུན་མོང་ཐོག་འཕེལ་རྒྱས་དང་ཞི་བདེའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་དེང་རབས་ཅན་གྱི་འཕེལ་རྒྱས་རྣམ་པ་ཞིག་གསར་བཏོད་བྱས་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་བཏང་སྟེ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་བྱེད་པའི་ཁྲོད་རང་སྟེང་གི་འཕེལ་རྒྱས་དོན་གཉེར་བྱེད་པ་དང་། རང་སྟེང་གི་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྔར་ལས་ལེགས་པས་སྲུང་སྐྱོང་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མིའི་རིགས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་པ་གཏོད་པའི་བརྒྱུད་རིམ་ཞིག་ཡིན་པ་དང་། དེས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་ཐབས་ལམ་རྒྱ་ཆེར་བཏང་ནས་འཛམ་གླིང་ཐོག་གི་མགྱོགས་པོར་འཕེལ་རྒྱས་གཏོང་འདོད་ཡོད་ལ་རང་སྟེང་གི་རང་ཚུགས་རང་བཞིན་ཡང་སྲུང་འཛིན་བྱེད་འདོད་པའི་རྒྱལ་ཁབ་དང་མི་རིགས་ལ་གདམ་ག་གསར་བ་མཁོ་འདོན་བྱས་པ་དང་། མིའི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་སུ་ཕུལ་ཡོད།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།