སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུལ་པའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་བསྐྲུན་པའི“གོམ་རིམ་གཉིས་སུ་ཕྱེ་ནས་བསྐྱོད་པའི”སྤྱིའི་འཐབ་ཇུས་བཀོད་སྒྲིག་ལ་རྒྱས་བཤད་གང་ལེགས་གནང་བ་དང་། ཕྱོགས་བརྒྱད་ཀྱི་ཐད་ནས་གོམ་རིམ་དང་པོ་ནས2035ལོའི་བར་གྱི་རང་རྒྱལ་འཕེལ་རྒྱས་གཏོང་བའི་སྤྱིའི་དམིགས་འབེན་གཏན་འཁེལ་གསལ་བོ་བྱས་ཡོད།
དང་པོ། དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་ཆེས་ཆེར་འཕེལ་བ་དང་། མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྐས་རིམ་གསར་པ་ཞིག་ཏུ་སླེབས་ནས། དར་རྒྱས་འབྲིང་ཙམ་བྱུང་བའི་རྒྱལ་ཁབ་ཀྱི་ཆུ་ཚད་དུ་སླེབས་པར་བྱ་དགོས། མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དེ་དར་རྒྱས་འབྲིང་ཙམ་བྱུང་བའི་རྒྱལ་ཁབ་ཀྱི་ཆུ་ཚད་དུ་སླེབས་པར་བྱ་རྒྱུ་དེ་ཐོག་ནས་རང་རྒྱལ་འདི་ཉིད་ཡོང་འབབ་འབྲིང་གྲས་ཀྱི་དུས་རིམ་ལས་བདེ་བླག་ངང་བརྒལ་ཐུབ་པ་མ་ཟད། ཡོང་འབབ་མཐོ་བའི་དུས་རིམ་དུ་མུ་མཐུད་དུ་གོམ་པ་ཆེན་པོ་ཞིག་སྤོ་ཐུབ་པ་མཚོན་ཡོད། སྐབས་དེར་རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྔར་ལས་ཆེས་ཆེར་འཕེལ་བ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་དང་། རྒྱལ་སྤྱིའི་འགྲན་རྩོད་ནུས་ཤུགས། རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་བཅས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུ་རེད།
གཉིས་པ། ཆུ་ཚད་མཐོ་བའི་ཚན་རྩལ་རང་རྟོན་རང་བརྩོན་མངོན་འགྱུར་བྱས་ཏེ། གསར་སྐྲུན་རྣམ་པའི་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་པར་བྱ་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་རང་བརྟེན་གསར་སྐྲུན་གྱི་བགྲོད་ལམ་དུ་བསྐྱོད་པ་རྒྱུན་འཁྱོངས་བྱས་ཏེ། གསར་སྐྲུན་རྣམ་པའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐད་འཕེལ་རྒྱས་ཆེན་པོ་འབྱུང་བ་དང་། འགག་རྩའི་ཐུན་མོང་རང་བཞིན་གྱི་ལག་རྩལ་དང་མདུན་གྲལ་གྱི་ལག་རྩལ་སྣེ་ཁྲིད། དེང་རབས་ཀྱི་བཟོ་སྐྲུན་ལག་རྩལ། རྩ་སློག་རང་བཞིན་གྱི་ལག་རྩལ་གསར་སྐྲུན་སོགས་ཀྱི་ཐད་ཐོད་བརྒལ་ཆེན་པོ་འབྱུང་བ། འགག་རྩའི་ལྟེ་བའི་ལག་རྩལ་རང་བརྟེན་ཚོད་འཛིན་ཐུབ་པ། གསར་སྐྲུན་རྣམ་པའི་རྒྱལ་ཁབ་ཀྱི་མདུན་གྲལ་དུ་བསྐྱོད་པ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་གཙོ་ཁྲིད་དབང་ཆ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས།
གསུམ་པ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པར་བྱས་ཏེ། བཟོ་ལས་ཅན་དང་། ཆ་འཕྲིན་ཅན། མཁར་གྲོང་ཅན། ཞིང་ལས་དེང་རབས་ཅན་བཅས་ཀྱི་རྣམ་པ་གསར་པ་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བྱེད་དགོས། “ཅན་བཞི”དུས་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་པ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་ཆགས་པར་བྱ་རྒྱུ་བཅས་ནི་རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པའི་གཞི་རྩའི་ཐབས་ལམ་ཡིན་ལ། དམིགས་འབེན་གལ་ཆེན་ཡང་ཡིན། སྐབས་དེར་རང་རྒྱལ་འདི་ཉིད་བཟོ་སྐྲུན་རྒྱལ་ཁབ་སྟོབས་ལྡན་དང་། སྤུས་ཚད་རྒྱལ་ཁབ་སྟོབས་ལྡན། འཇིག་རྟེན་འཕུར་སྐྱོད་རྒྱལ་ཁབ་སྟོབས་ལྡན། འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ལྡན། དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན། གྲངས་གཞིའི་ཀྲུང་གོ་བཅས་ཀྱི་ཕྱོགས་སུ་བསྐྱོད་པ་དང་། གྲོང་ཁྱེར་ཁྱུ་ཚོགས་དང་གྲོང་ཁྱེར་མུ་ཁྱུད་ལ་བརྟེན་པའི་གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་རྣམ་པ་གཞི་རྩའི་ཆ་ནས་ཆགས་པ་དང་། མི་ལྟེ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་གཞི་རྩའི་ཆ་ནས་མངོན་འགྱུར་འབྱུང་བ། ཞིང་ལས་དེང་རབས་ཅན་གྱི་ཞན་ཆ་མགྱོགས་མྱུར་ངང་གསབ་པ། གྲོང་གསེབ་དར་སྤེལ་གཏོང་བའི་ཐད་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་འབྱུང་ངེས་རེད།
བཞི་པ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་གཞི་རྩའི་ཆ་ནས་མངོན་འགྱུར་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་སྟེ། ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་རྩའི་ཆ་ནས་བསྐྲུན་ཐུབ་པར་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འདེགས་སྐྱོར་བྱེད་པའི་རྩ་བའི་ལམ་ལུགས་དང་གཞི་རྩའི་ལམ་ལུགས། ལམ་ལུགས་གལ་ཆེན་སོགས་ཕྱོགས་གང་ཅིའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་དགོས། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་ཀྱི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། མི་དམངས་ཀྱིས་ཁྲིམས་ལྟར་དམངས་གཙོས་འདེམས་བསྐོ་དང་། དམངས་གཙོས་གྲོས་མོལ། དམངས་གཙོས་ཇུས་ཐག་གཅོད་པ། དམངས་གཙོས་དོ་དམ། དམངས་གཙོས་ལྟ་སྐུལ་བཅས་བྱེད་པར་འགན་ལེན་གང་ལེགས་བྱེད་དགོས། ཁྲིམས་ལྟར་རྒྱལ་སྐྱོང་དང་། ཁྲིམས་ལྟར་སྲིད་སྐྱོང་། ཁྲིམས་ལྟར་སྲིད་འཛིན་བཅས་མཉམ་དུ་སྐུལ་སྤེལ་དང་། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འཛུགས་སྐྲུན་བྱས་ཏེ། ཚན་རིག་དང་མཐུན་པར་ཁྲིམས་འཛུགས་དང་། ཁྲིམས་བསྟར་ནན་མོ། ཁྲིམས་འཛིན་དྲང་གཞག དམངས་ཡོངས་ཀྱིས་ཁྲིམས་སྲུང་པ་བཅས་བྱེད་པའི་རྣམ་པ་བཟང་པོ་ཆགས་པར་བྱེད་དགོས།
ལྔ་པ། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་དང་། ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན། ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ལྡན། རིག་གནས་ཀྱི་རྒྱལ་ཁབ་སྟོབས་ལྡན། ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན། བདེ་ཐང་ཀྲུང་གོ་བཅས་སྐྲུན་ཐུབ་པ་བྱས་ནས། རྒྱལ་ཁབ་ཀྱི་རིག་གནས་མཉེན་ཤུགས་མངོན་གསལ་སྒོས་ཇེ་དྲག་ཏུ་གཏོང་དགོས། སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣ་བཅས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་རང་བཞིན་དང་། འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ཡིན་པ་དང་། རིག་གནས་དང་། ལུས་རྩལ། བདེ་ཐང་བཅས་ནི་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བར་ལྡན་དགོས་པའི་དོན་སྙིང་རེད། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་དང་། ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན། ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ལྡན། རིག་གནས་ཀྱི་རྒྱལ་ཁབ་སྟོབས་ལྡན། ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་བཅས་བསྐྲུན་པ་ལས། རང་རྒྱལ་གྱིས་སློབ་གསོ་དེང་རབས་ཅན་དུ་སྤྱིའི་ཆ་ནས་མངོན་འགྱུར་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་རྟོན་རང་བརྩོན་མངོན་འགྱུར་བྱེད་པ་མཚོན་ཞིང་། རྒྱལ་དམངས་ཀྱི་བསམ་བློ་དང་ཀུན་སྤྱོད་ཀྱི་བྱང་ཚད། ཚན་རིག་དང་རིག་གནས་ཀྱི་བྱང་ཚད་མངོན་གསལ་སྒོས་མཐོ་རུ་ཕྱིན་པ་དང་། སྤྱི་ཚོགས་ཀྱི་དཔལ་ཡོན་དར་ཚད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ། མི་དམངས་ཀྱི་གཟུགས་གཞི་བདེ་ཐང་དང་བདེ་ཐང་གི་ཆུ་ཚད། ལུས་རྩལ་གྱི་ཕྱོགས་བསྡུས་སྟོབས་ཤུགས། རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་བཅས་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ། རྒྱལ་ཁབ་ཀྱི་རིག་གནས་མཉེན་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་ཡོད་པ་མཚོན་ཡོད།
དྲུག་པ། མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་དང་། སྡོད་དམངས་མི་རེའི་ཆ་སྙོམས་ཡོང་འབབ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ། ཡོང་འབབ་འབྲིང་གྲས་ཚོགས་སྤྱིའི་བསྡུར་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཡོང་བ། གྲོང་གསེབ་ལ་གཞི་རྩའི་ཆ་ནས་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་འཛོམས་པ། སྤྱི་ཚོགས་ཡུན་རིང་བརྟན་བརླིང་ཡོང་བ། མི་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བ། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བ་བཅས་ཀྱི་ཐད་སྔར་ལས་མངོན་གསལ་ཡིན་པའི་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་འབྱུང་བར་བྱེད་དགོས། བྱིས་པའི་དུས་ན་སྐྱོང་མཁན་ཡོད་པ་དང་། སློབ་སྦྱོང་ལ་འཁྲིད་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམས་ཞན་སྐྱོང་མཁན་ཡོད་པ་བཅས་ཀྱི་ཐད་རྒྱུན་ཆད་མེད་པར་ཡར་རྒྱས་ཡོང་བ་དང་། སྡོད་དམངས་མི་རེའི་ཆ་སྙོམས་ཡོང་འབབ་དེ་དཔལ་འབྱོར་འཕར་སྣོན་བྱུང་བ་དང་བསྟུན་ནས་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱ་རྒྱུ་དང་། བགོ་བཤའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུ་སྙོམས་མཚུངས་ཅན་དུ་མངོན་འགྱུར་བྱེད་པ། ཡོང་འབབ་འབྲིང་གྲས་ཚོགས་སྤྱི་མངོན་གསལ་དུ་རྒྱ་སྐྱེད་པ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་མངོན་གསལ་སྒོས་ལེགས་བཅོས་བྱེད་པ། བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་ཞིང་དྲང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་ཐོགས་པར་བྱེད་པ། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་བ་བཅས་བྱས་ཏེ། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བའི་ཕྱོགས་སུ་གོམ་སྟབས་བརྟན་པོ་ཞིག་སྤོ་དགོས།
བདུན་པ། ལྗང་མདོག་ཐོན་སྐྱེད་དང་འཚོ་བ་རོལ་སྟངས་ཡོངས་ཁྱབ་ཏུ་ཆགས་པར་བྱས་ནས། ཐཱན་ཕྱིར་འབུད་བྱེད་ཚད་ཇེ་མང་དུ་སོང་རྗེས་བརྟན་བརླིང་ངང་མར་ཆག་པ་དང་། སྐྱེ་ཁམས་ཁོར་ཡུག་རྩ་བའི་ཆ་ནས་ཇེ་ལེགས་སུ་འགྲོ་བ། མཛེས་སྡུག་གི་ཀྲུང་གོའི་དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་དགོས། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ལྗང་མདོག་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་རོལ་སྟངས་སྲོལ་བཟང་དུ་འགྱུར་བ། ཐཱན་ཕྱིར་འབུད་ཀྱི་སྤྱི་འབོར་རྩེར་སོན་རྗེས་བརྟན་བརླིང་ངང་མར་ཆག་པ། མཁའ་རླུང་གི་སྤུས་ཚད་དང་ཆུའི་ཁོར་ཡུག་གི་སྤུས་ཚད་རྩ་བའི་ཆ་ནས་ཇེ་ལེགས་སུ་འགྲོ་བ། ས་རྒྱུའི་ཁོར་ཡུག་གི་བདེ་འཇགས་འགན་ལེན་ནུས་ལྡན་ཐུབ་པ། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་། བྱེ་མ་བཅས་ཀྱི་སྐྱེ་ཁམས་བྱེད་ནུས་བརྟན་བརླིང་ངང་སླར་གསོ་འབྱུང་བ། ནམ་མཁའ་གཡའ་དག་ཅིང་རི་སྔོ་ཆུ་དྭངས་རྒྱུན་རྣམ་ཅན་དུ་འགྱུར་བ་བཅས་བྱ་དགོས།
བརྒྱད་པ། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་དགོས། བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་ཚད་སྔར་ལས་མཐོ་བའི་ཆུ་ཚད་དུ་སླེབས་པ་དང། རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་སྐྱོང་མ་ལག་དང་། འཐབ་ཇུས་མ་ལག སྲིད་ཇུས་མ་ལག ཤེས་ལྡན་མི་སྣའི་མ་ལག འཁོར་སྐྱོད་རྐྱེན་སྲོལ་བཅས་སྔར་ལས་འཐུས་ཚང་དུ་འགྱུར་བ། འབྲུ་རིགས་བདེ་འཇགས་དང་། ནུས་ཁུངས་བདེ་འཇགས། ཐོན་ལས་ཀྱི་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གལ་ཆེན་གྱི་བདེ་འཇགས། སྤྱི་པའི་བདེ་འཇགས་བཅས་ཀྱི་ནུས་པ་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་བ་བཅས་བྱེད་དགོས། རྒྱལ་ཁབ་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་དང་གཅིག་མཐུན་ཡིན་ཞིང་། དམག་དོན་སྐོར་གྱི་རིགས་པའི་གཞུང་ལུགས་དེང་རབས་ཅན་དང་། དམག་དཔུང་གི་རྩ་འཛུགས་རྣམ་པ་དེང་རབས་ཅན། དམག་དོན་མི་སྣ་དེང་རབས་ཅན། གོ་མཚོན་སྒྲིག་ཆས་དེང་རབས་ཅན་བཅས་སུ་འགྱུར་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་དགོས།
ཡིག་སྒྱུར་བ།སྒྲོལ་མ་སྐྱིད།