རྣམ་པ་གསར་པ་དང་སྒྲུབ་སྟངས་གསར་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་གསར་པ་ལེན་དགོས།
2022.12.31 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 17

ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུའི་སྐོར་གླེང་བ།

དཔལ་འབྱོར་བྱ་བ་ཡག་པོར་བསྒྲུབ་རྒྱུ་ནི་ང་ཚོའི་ཏང་གིས་རྒྱལ་སྐྱོང་སྲིད་གཉེར་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན། ཉིས་སྟོང་ཉེར་གསུམ་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་མགོ་རྩོམ་པའི་ལོ་ཡིན་པས། དཔལ་འབྱོར་བྱ་བ་ལེགས་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་སྟེང་། ཉིས་སྟོང་ཉེར་གསུམ་ལོའི་དཔལ་འབྱོར་བྱ་བའི་བཀོད་སྒྲིག་དང་བླང་བྱ་ཡང་དག་པར་ཁོང་དུ་ཆུད་པར་བྱས་ནས། འགན་འཁུར་ཕོད་པ་དང་བྱས་རྗེས་འཇོག་མཁས་པ། གནས་ཚུལ་དངོས་ལ་བརྟག་ཞིབ་བྱེད་པ་དང་གསར་གཏོད་རང་བཞིན་གྱི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་ཡག་པོ་བཅས་བྱས་ཏེ། ཉིས་སྟོང་ཉེར་གསུམ་ལོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ཧུར་ཐག་གིས་མངོན་འགྱུར་བྱས་ནས། རྣམ་པ་གསར་པ་དང་སྒྲུབ་སྟངས་གསར་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་ཐོབ་པར་བྱེད་དགོས་པ་ནན་གྱིས་བསྟན།

ཀྲུང་གོའི་དཔལ་འབྱོར་ནི་གྲུ་གཟིངས་ཆེན་པོ་ཞིག་ཡིན་ཞིང་། དེའི་ཤོང་ཚད་ཇི་ཙམ་ཆེ་བ་དང་རླུང་རླབས་ཇི་ཙམ་ཆེ་ན། གྲུ་གཏོང་བའི་སྣེ་ཁྲིད་དེ་བས་གལ་ཆེ་བ་ཡོད། དཔལ་འབྱོར་བྱ་བ་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་དང་ལྷག་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་རྒྱུན་རྣམ་གསར་པར་སླེབས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་བརྗོད་བྱ་གཙོ་བོར་འཛིན་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་བྱེད་རྒྱུ་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་དོན་འཁྱོལ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་སྒོས་འཛུགས་པ། འཕེལ་རྒྱས་ཀྱི་དོ་མཉམ་རང་བཞིན་དང་མཐུན་སྦྱོར་རང་བཞིན། ཁོང་ཡངས་རང་བཞིན་རྒྱུན་མཐུད་ངང་མཐོར་འདེགས་ཡོང་བར་སྐུལ་འདེད་གཏོང་བ། རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་སྔར་ལས་མཐོ་བ་དང་ཕན་འབྲས་སྔར་ལས་ཆེ་བ། སྔར་ལས་དྲང་སྙོམས་དང་སྔར་ལས་རྒྱུན་མཐུད། སྔར་ལས་བདེ་འཇགས་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་པར་སྣེ་ཁྲིད་བྱས། ལག་ལེན་གྱི་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་ནི་རྦད་དེ་ཡང་དག་ཡིན་པ་དང་། ཏང་ཀྲུང་དབྱང་ལ་རྙོག་འཛིང་ཆེ་བའི་དུས་བབ་ལ་ཁ་ལོ་སྒྱུར་བར་བྱང་ཆུབ་པའི་ནུས་པ་ལྡན་པ། ཀྲུང་གོའི་དཔལ་འབྱོར་ལ་སྣེ་ཁྲིད་བྱེད་པའི་གྲུ་གཟིངས་ཆེན་པོར་རླབས་གཤགས་མདུན་སྐྱོད་བྱེད་པའི་ཁྱད་དུ་འཕགས་པའི་བློ་གྲོས་ལྡན་པ་བཅས་ར་སྤྲོད་གང་ལེགས་བྱས་ཡོད། ད་ལྟ་རང་རྒྱལ་གྱི་དཔལ་འབྱོར་སླར་གསོ་ཡོང་བའི་རྨང་གཞི་ད་དུང་བརྟན་པོ་མིན་པ་དང་། དགོས་མཁོ་ཆུང་དུ་འགྲོ་བ་དང་མཁོ་སྤྲོད་ཀྱི་རྡབ་རྡེག་ཕོག་པ། སྔོན་དཔག་ཉམས་ཞན་དུ་འགྲོ་བ་བཅས་ཀྱི་དཀའ་ངལ་སྔར་བཞིན་ཆེ་ཙམ་ཡོད། དུས་བབ་རྙོག་འཛིང་ཆེ་བ་དང་འགྲན་སློང་དྲག་པོ་ཇི་ཙམ་ཡོད་ན་དེ་ཙམ་གྱིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་མགོ་ཁྲིད་ཀྱི་རྩ་འཛུགས་ནུས་པ་འདོན་སྤེལ་བྱས་ནས། བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ནུས་ཤུགས་ཕྱོགས་གཅིག་ཏུ་འདོན་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་པ་དང་།  ཞུམ་མེད་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ།  རྣམ་པ་གསར་པ་དང་སྒྲུབ་སྟངས་གསར་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་གསར་པ་ཐོབ་པར་བྱེད་དགོས།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་ཚན་རིག་དང་མཐུན་པའི་སྒོ་ནས་མ་འོངས་པའི་དུས་སྐབས་ཤིག་རིང་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་སུ་གཏོང་བའི་དམིགས་འབེན་དང་ལས་འགན། བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་བཅས་ཇུས་འགོད་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བརྗིད་ཉམས་ཆེ་བའི་འཆར་གཞི་ཇུས་འགོད་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་ཡིན་ཞེས་ནན་གྱིས་བསྟན་ཡོད། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་སྟེང་། ཉིས་སྟོང་ཉེར་གསུམ་ལོར་བརྟན་པོ་ཡོང་རྒྱུ་གཙོ་བོར་བྱེད་པ་དང་བརྟན་ཐོག་ཡར་འཕེལ་ཡོང་རྒྱུ་རྒྱུན་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་སྒོས་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས་པ་ནན་བཤད་བྱས་ཡོད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་དཔལ་འབྱོར་བྱ་བའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ཏེ། བསམ་བློ་གཅིག་གྱུར་དང་འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་སྔར་ལས་ལྷག་པར་བྱེད་དགོས། ཏང་ཀྲུང་དབྱང་གིས་མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་པ་དང་ཉིས་སྟོང་ཉེར་གསུམ་ལོའི་དཔལ་འབྱོར་བྱ་བའི་སྐོར་གྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་འདི་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། བྱ་སྤྱོད་དངོས་ཀྱི་སྟེང་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་དགོས།

རྣམ་པ་གསར་པ་དང་སྒྲུབ་སྟངས་གསར་པ་དེས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་ཐོབ་པ་བྱེད་པར་ངེས་པར་དུ་ཏང་གིས་དཔལ་འབྱོར་བྱ་བར་མགོ་ཁྲིད་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། དཔལ་འབྱོར་བྱ་བར་མགོ་ཁྲིད་བྱེད་པར་ངེས་པར་དུ་ཕྱི་རོལ་ཡུལ་གྱི་དོན་དངོས་དང་མང་ཚོགས་ཀྱི་དགོས་མཁོར་བརྩི་འཇོག་བྱེད་དགོས་པ་དང་།ངེས་པར་དུ་རྒྱུད་རིམ་ལྡན་པའི་བསམ་གཞིགས་དང་ཚན་རིག་དང་མཐུན་པའི་ཇུས་འགོད་བྱེད་དགོས་པའི་ངོས་འཛིན་གཏིང་ཟབ་བྱེད་དགོས། ཉིས་སྟོང་ཉེར་གསུམ་ལོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་དུ་དཀའ་ངལ་དང་འགྲན་སློང་ཧ་ཅང་མང་པོ་ལྷགས་ཡོད་པ་དང་དཔལ་འབྱོར་བྱ་བ་སྣེ་མང་རྙོག་འཛིང་ཆེ་བས། དཔལ་འབྱོར་བྱ་བར་མགོ་ཁྲིད་བྱེད་པའི་ཆེད་ལས་ཀྱི་ནུས་པ་ལ་བླང་བྱ་སྔར་ལས་མཐོ་བ་བཏོན་ཡོད། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་དང་གསར་གཏོད་སྲུང་འཛིན། འཐབ་ཇུས་ཀྱི་ཁྱོན་ཡོངས་ལ་དམིགས་པ། འགལ་བ་གཙོ་བོ་དམ་འཛིན་བྱེད་པ། སྤྱི་ཚོགས་ཀྱི་བསམ་པའི་སྔོན་དཔག་ལེགས་བཅོས་དང་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བཅས་བྱེད་རྒྱུ་ནས་མགོ་བརྩམས་ཏེ། འགག་རྩའི་མ་ལག་གལ་ཆེན་དམ་འཛིན་གྱིས་རྩ་གནད་བཟུང་ནས་བྱ་བ་ལེགས་པོར་བསྒྲུབ་དགོས། རིམ་པ་སོ་སོའི་གོ་ཁྲིད་ལས་བྱེད་པས་ལག་ལེན་དེ་སྲིད་ཇུས་ཁག་དང་བྱ་བའི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་ཚད་གཞིར་འཛིན་པ་དང་། ཁྲོམ་རའི་བྱེད་པོའི་དགོས་མཁོར་དམིགས་ནས་སྲིད་ཇུས་ལག་བསྟར་བྱེད་རྒྱུར་མཐོང་ཆེན་བྱེད་པ། སྲིད་ཇུས་ལག་བསྟར་བྱེད་སྟངས་འཐུས་ཚང་དུ་གཏོང་བ། དུས་ནུས་རང་བཞིན་དང་གནད་སྨིན་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཆབ་སྲིད་ཀྱི་བྱང་ཚད་དང་ཆེད་ལས་ཀྱི་ནུས་པ་ཆེ་རུ་བཏང་ནས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ། གང་ཞིག་སྦྱོང་དགོས་ན་དེ་སྦྱོང་བ་དང་གང་ཞིག་མི་འདང་ན་དེ་གསབ་པའི་ཐོག་ནས་བྱ་བ་སྒྲུབ་པ་དང་སློབ་སྦྱོང་བྱེད་པ་བཅས་ལ་མཐོང་ཆེན་བྱས་ཏེ་མཁས་པ་དང་རྒྱུས་ཡོད་པའི་མགོ་ཁྲིད་པ་ཞིག་ཏུ་འགྱུར་བར་བྱེད་དགོས།

རྣམ་པ་གསར་པ་དང་སྒྲུབ་སྟངས་གསར་པ་དེས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་ཐོབ་པ་བྱེད་པར་ངེས་པར་དུ་དངོས་འཛིན་དངོས་སྒྲུབ་རྒྱུན་འཁྱོངས་བྱེད་དགོས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་ཀྱི་རྟོགས་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་གཏོང་བ་དེ་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་དོན་འཁྱོལ་མཐར་ཕྱིན་བྱེད་པའི་བྱ་སྤྱོད་དངོས་ཀྱི་སྟེང་ནས་མཚོན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་མཚོན་པ། ཏང་གི་ཆེད་དུ་དཀའ་སྡུག་མཉམ་འཁུར་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་འགན་གཙང་སྒྲུབ་བྱེད་པ། མི་དམངས་ཀྱི་ཆེད་དུ་ལེགས་སྐྱེས་འབུལ་བ་བཅས་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་མཚོན་པར་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་ཀྱིས་མི་དམངས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མི་དམངས་ཀྱིས་མངགས་བཅོལ་བྱས་པའི་མི་དམངས་ཀྱི་ཁེ་ཕན་དེ་ཐོག་མཐའ་བར་གསུམ་དུ་གནས་བབ་མཐོ་ཤོས་སུ་བཞག་ནས། ལྷག་བསམ་ཟོལ་མེད་ངང་མི་དམངས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ་དེའི་ཁྲོད་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་རྒྱུན་འཁྱོངས་དང་བེད་སྤྱོད་ཡག་པོ་བྱས་ནས་རང་རྟོགས་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་དུས་བབ་གསར་པར་ལྟ་ཞིབ་དང་གནས་ཚུལ་གསར་པར་ཞིབ་འཇུག  གནད་དོན་གསར་པ་ཐག་གཅོད་བཅས་བྱེད་དགོས། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་འགན་འཁྲི་རྩད་གཅོད་བྱས་ཏེ། འགན་འཁུར་མཁན་ལ་འགན་འཁྲི་འཁུར་བ་དང་། ཕྱོགས་སོ་སོའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱས་ཏེ།  སྤྱི་ཚོགས་ཡོངས་ཀྱི་ལས་སྒྲུབ་ལས་སྐྲུན་གྱི་གསོན་ཤུགས་སྐུལ་སློང་བྱས་ཏེ། ལས་བྱེད་པས་སྒྲུབ་ཕོད་པ་དང་ས་གནས་ཀྱིས་སྒྲུབ་ཕོད་པ། ཁེ་ལས་ཀྱིས་སྒྲུབ་ཕོད་པ། མང་ཚོགས་ཀྱིས་གསར་གཏོད་བྱེད་ཕོད་པ་བཅས་བྱེད་དུ་འཇུག་དགོས།

སྟོང་བཤད་རྒྱལ་ཕུང་དང་དངོས་དོན་བསྒྲུབས་ན་རྒྱལ་ཁབ་དར། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ནས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ།  “གཏན་ཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས། འཐབ་ཇུས་ཀྱི་བརྟན་ཤུགས་རྒྱུན་འཁྱོངས་དང་རྒྱལ་ཁ་ཐོབ་པར་ཡིད་ཆེས་བརྟན་པོ་བྱེད་པ། འབད་འབུངས་ཡར་བརྩོན་གྱི་བསམ་པའི་འཁྱེར་སོ་དང་“དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་འདུ་ཤེས་ཀྱི་ཐོག་ནས་དཔལ་འབྱོར་བྱ་བ་ཡག་པོར་བསྒྲུབས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་གསར་པར་བརྟེན་ནས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་གོམ་སྟབས་བརྟན་པོ་སྤོ་དགོས།

                                                     ཡིག་སྒྱུར་བ། གཡང་འབུམ་རྒྱལ།