དྲི་བ་ཉེར་བཞི་པ།རང་རྒྱལ་གྱི་འཕེལ་རྒྱས་དེ་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁའི་འགྲན་སློང་མཉམ་དུ་གནས་པ་དང་། ངེས་གཏན་མེད་ཅིང་ཚོད་དཔག་བྱེད་དཀའ་བའི་རྒྱུ་རྐྱེན་མང་དུ་འགྲོ་བའི་དུས་སྐབས་སུ་སླེབས་ཡོད་ཅེས་བཤད་དགོས་དོན་ཅི་ཡིན་ནམ།
2022.12.31 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 14

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“རང་རྒྱལ་གྱི་འཕེལ་རྒྱས་དེ་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁའི་འགྲན་སློང་མཉམ་དུ་གནས་པ་དང་། ངེས་གཏན་མེད་ཅིང་ཚོད་དཔག་བྱེད་དཀའ་བའི་རྒྱུ་རྐྱེན་མང་དུ་འགྲོ་བའི་དུས་སྐབས་སུ་སླེབས་ཡོད”ཅེས་བསྟན་ཡོད། དེས་ང་ཚོར་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་རིང་རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་འཐབ་ཇུས་ཀྱི་ཁོར་ཡུག་ཡང་དག་པར་ཁོང་དུ་ཆུད་པར་ཚན་རིག་དང་མཐུན་པའི་མཛུབ་སྟོན་འདོན་སྤྲོད་བྱས་ཡོད། དེར་བརྟེན། གཤམ་གྱི་ཕྱོགས་གསུམ་ནས་གོ་བ་གཏིང་ཟབ་ལེན་དགོས།

དང་པོ།   མིག་སྔར་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་གིས་རང་རྒྱལ་གྱི་འཕེལ་རྒྱས་ལ་ཞིབ་འཇུག་བྱ་གཞི་གསར་པ་དང་འགྲན་སློང་གསར་པ་རབ་དང་རིམ་པ་བཟོས་ཡོད། རྒྱལ་སྤྱིའི་སྟེང་ནས་བལྟས་ན། ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མྱུར་དུ་བྱུང་ཞིང་། འཛམ་གླིང་གི་འགྱུར་ལྡོག་དང་དུས་རབས་ཀྱི་འགྱུར་བ། ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་སྔར་བྱུང་མ་མྱོང་བའི་རྣམ་པའི་ཐོག་ནས་འབྱུང་བཞིན་ཡོད་པས། རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་ལ་འགྱུར་ལྡོག་གསར་པ་གལ་ཆེན་བྱུང་ཡོད། དེའི་མཚོན་ཚུལ་གཙོ་བོ་ནི།  རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་བསྡུར་ཚད་ལེགས་སྒྲིག་ཟབ་མོ་བྱས་པ་དང་། དུས་རབས་ཀྱི་རིམས་ནད་ཀྱིས་ཤུགས་རྐྱེན་གཏིང་ཟབ་ཐེབས་པ། འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བའི་བསམ་པའི་རླབས་རྒྱུན་གྱི་མགོ་འདེགས་པ། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་མངོན་གསལ་འཕར་བ། འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་ཤུགས་ཆུང་བ། ཆ་ཤས་ཀྱི་གདོང་ཐུག་དང་ཟང་ཟིང་ཡང་ཡང་ཐོན་པ། འཛམ་གླིང་རང་བཞིན་གྱི་གནད་དོན་ཛ་དྲག་ཏུ་འགྱུར་བ། འཛམ་གླིང་འདི་ཉིད་ཟང་ཟིང་ཆེ་བའི་དུས་སྐབས་གསར་པ་ཞིག་ཏུ་སླེབས་པ་བཅས་རེད། རྒྱལ་ནང་ནས་བལྟས་ན། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་འགལ་བ་དང་ཉེན་ཁའི་འགྲན་སློང་གསར་པ་འགའ་ཞིག་ལ་འཕྲད་པ་སྟེ། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་ཡིན་པའི་གནད་དོན་སྔར་བཞིན་འབུར་ཐོན་ཡིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ད་དུང་འགག་རྩའི་གནད་དོན་མང་པོ་ཡོད་པ། ཚན་རྩལ་གསར་གཏོད་བྱེད་ནུས་ད་དུང་ཆེན་པོ་མེད་པ་དང་། འབྲུ་རིགས་དང་ནུས་ཁུངས། ཐོན་ལས་འབྲེལ་ཐག་བཅས་ཀྱི་མཁོ་སྤྲོད་འབྲེལ་ཐག་བློས་འགེལ་ཆོག་པའི་བདེ་འཇགས་དང་དངུལ་རྩའི་ཉེན་ཁ་འགོག་ཟོན་བྱེད་པར་ད་དུང་གནད་དོན་གལ་ཆེན་མང་པོ་ཞིག་ངེས་པར་དུ་ཐག་གཅོད་བྱེད་དགོས་པ། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཐད་ད་དུང་དཀའ་གནད་མི་ཉུང་བ་ཞིག་ཐག་གཅོད་བྱེད་དགོས་པ། འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་སུ་འགྲན་སློང་མི་ཉུང་བ་གནས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་དང་ཡོང་འབབ་བགོ་བཤའི་བར་ཁྱད་པར་སྔར་བཞིན་ཅུང་ཆེ་བ། ལས་ཞུགས་དང་སློབ་གསོ། སྨན་བཅོས། བུ་བཙའ། རྒན་གསོ། སྡོད་ཁང་སོགས་ཀྱི་ཐད་མང་ཚོགས་ལ་དཀའ་ངལ་མི་ཉུང་བ་ཡོད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བ་སོགས་རེད། སྤྱིའི་ཆ་ནས་བལྟས་ན། རང་རྒྱལ་གྱིས་སྔར་ལས་རྙོག་འཛིང་དང་ཛ་དྲག་ཆེ་བའི་འཐབ་ཇུས་ཀྱི་ཁོར་ཡུག་ནས་རང་ཉིད་ཀྱི་འཕེལ་རྒྱས་དོན་གཉེར་དང་སྐུལ་འདེད་གཏོང་དགོས།

གཉིས་པ།  རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་གནས་བབ་སྤྱིའི་ཆ་ནས་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་དང་འགྲན་སློང་མཉམ་དུ་གནས་ཡོད། ཕྱོགས་གཅིག་ནས་ང་ཚོར་འཕྲད་པའི་ཉེན་ཁ་དང་འགྲན་སློང་མང་དུ་འགྲོ་སྲིད། རང་རྒྱལ་གྱི་བཅོས་སྒྱུར་དང་གོང་སྤེལ་བརྟན་ལྷིང་བཅས་ཀྱི་ཐད་གཏིང་ཟབ་པའི་འགལ་བ་མི་ཉུང་བ་ཞིག་ལ་གཡོལ་ཐབས་མེད་པ་དང་། ཏང་ལེགས་སྐྱོང་དང་ལྷག་པར་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་ངན་རེངས་རང་བཞིན་དང་རྒྱུན་འབྱུང་རང་བཞིན་གྱི་གནད་དོན་མི་ཉུང་བ་ཞིག་ལ་འཕྲད་ཡོད་པས། ཕྱི་རོལ་ནས་ཡོང་བའི་གནོན་རྡེག་དང་བཀག་འགོག་གི་རིམ་པ་སྤོར་སྲིད་པ་དང་།“ངང་བ་ནག་པོ”དང“བསེ་རུ་སྐྱ་བོ”ལྟ་བུའི་དོན་རྐྱེན་སྣ་ཚོགས་དུས་ནམ་ཡིན་ཡང་འབྱུང་སྲིད་པ་དང་། ཚོད་དཔག་བྱེད་དཀའ་བའི་རྒྱུ་རྐྱེན་ཡང་མང་དུ་འགྲོ་བཞིན་ཡོད། ཕྱོགས་གཞན་ཞིག་ནས་རང་རྒྱལ་གྱི་འཕེལ་རྒྱས་ལ་སྔར་བཞིན་ཕྱོགས་མང་པོའི་དགེ་མཚན་དང་མཐུན་རྐྱེན་ལྡན་ཡོད། དཔེར་ན། དཔལ་འབྱོར་གྱི་མཉེན་ཤུགས་ཆེ་བ་དང་གཏིང་ཤུགས་འདང་བ། བསམ་བློ་གཏོང་ས་རྒྱ་ཆེ་བ། དུས་ཡུན་རིང་པོར་ལེགས་ཕྱོགས་སུ་ཕྱོགས་པའི་གཞི་རྩའི་གནས་ཚུལ་ལ་འགྱུར་བ་བྱུང་མེད་པ་དང་། ཐོན་ལས་གྲུབ་ཚུལ་རྒྱུན་མཐུད་ངང་ལེགས་འགྱུར་རིམ་སྤར་དང་། འགུལ་ནུས་གསར་པ་འཕེལ་བ། ཉེན་ཁ་འགོག་ནུས་ཇེ་ཆེར་གཏོང་བ་བཅས་དང་། མི་གྲངས་དུང་ཕྱུར14ལྷག་དང་ཡོང་འབབ་འབྲིང་གྲས་ཚོགས་སྤྱི་དུང་ཕྱུར4ལྷག་ཡོད་པའི་འཛམ་གླིང་ཡོངས་ཀྱི་ཆེས་ཆེ་ཞིང་མི་མངོན་པའི་སྟོབས་ཤུགས་ལྡན་པའི་ཚོང་ར་ཞིག་ཆགས་ཡོད་པ། མི་ཤུགས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་མཐོ་རིམ་སློབ་གསོའི་སློབ་མའི་སྤྱིའི་གཞི་ཁྱོན་དང་ལོ་ཧྲིལ་བོའི་སློབ་ཐོན་མི་གྲངས་འཛམ་གླིང་གི་ཨང་དང་པོར་སླེབས་པ། མཐོ་རིམ་སློབ་གསོ་དང་ལེན་བྱེད་མཁན་མི་གྲངས་དུང་ཕྱུར2དང་བྱེ་བ4ཟིན་པ། རྩལ་ནུས་ཆེ་བའི་ཤེས་ལྡན་པ་བྱེ་བ6ལས་བརྒལ་བ། སྤྱི་ཚོགས་ཡུན་རིང་བརྟན་ལྷིང་རྒྱུན་འཁྱོངས་བྱུང་ནས“ཀྲུང་གོའི་བཅོས་སྐྱོང”གི་ལེགས་ཆ་ཉིན་རེ་བཞིན་མངོན་གསལ་དུ་འགྲོ་བ་སོགས་རེད། ཕྱོགས་བསྡུས་ཀྱིས་བརྡར་ཤ་བཅད་ན། “ཉེན་ཁ”དང“གོ་སྐབས”མཉམ་དུ་གནས་ཡོད་པས། ཉེན་ཁ་གོ་སྐབས་སུ་བསྒྱུར་ཐུབ་མིན་དང་ཉེན་ཁ་བདེ་འཇགས་སུ་བསྒྱུར་ཐུབ་མིན་གྱི་ཆེས་རྩ་བ་ནི་ང་ཚོ་རང་ཉིད་ཀྱི་དོན་དག་ཡག་པོ་བསྒྲུབ་རྒྱུ་དེ་རེད།

གསུམ་པ།   འཐབ་རྩོད་ཀྱི་བློ་སྟོབས་དང་འཐབ་ཇུས་ཀྱི་ནུས་པ། ཁ་གཏད་འཇལ་བའི་ཆུ་ཚད་བཅས་ཆེ་རུ་བཏང་ནས་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་ཡང་དག་པར་ཁོང་དུ་ཆུད་པར་བྱེད་དགོས། ལོ་མང་པོའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་བྱུང་ཚུལ་སྣོལ་མར་འཕེལ་འགྱུར་འབྱུང་བཞིན་ཡོད་མོད། འོན་ཀྱང་ཞི་བདེ་དང་འཕེལ་རྒྱས་ནི་སྔར་བཞིན་འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་ཡིན་ཞིང་། རྒྱལ་ཁབ་སོ་སོ་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་རྣམ་པ་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་པ་དང་། སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་འགུལ་ནུས་སྔར་བཞིན་ཤུགས་དྲག་ལྡན་པ། དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་བར་ལྡོག་ཐབས་མེད་པ་དང་། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གཏིང་ཟབ་ཏུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ། རང་རྒྱལ་གྱི་འཕེལ་རྒྱས་དེ་འཐབ་ཇུས་ཀྱི་གོ་སྐབས་གསར་པར་འཕྲད་ཡོད་པ་བཅས་མཐོང་ཐུབ་པ་བྱེད་དགོས། ད་དུང་མཐོང་དགོས་པ་ཞིག་ལ། རང་རྒྱལ་ནི་སྔར་བཞིན་འཚར་ལོངས་ཀྱི་དུས་རིམ་དུ་གནས་ཡོད་པ་དང་། འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་སྔར་བཞིན་ཆེན་པོ་ཡོད་པས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་མངོན་འགྱུར་བྱེད་རྒྱུ་ནི་འགོག་ཐབས་མེད་པ་ཞིག་རེད། ལྷག་པར་དུ་ང་ཚོར་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་ཡོད་པ་དང་།  སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་སྡུད་བྱས་ནས་དོན་ཆེན་སྒྲུབ་ཐུབ་པའི་ལམ་ལུགས་ཀྱི་ལེགས་ཆ་ལྡན་པ།  ཡུན་རིང་གསོག་འཇོག་བྱས་པའི་དངོས་པོའི་རྨང་གཞི་བརྟན་པོ་ཡོད་པ། དུས་བབ་དང་སྟོབས་ཤུགས་ང་ཚོའི་ཕྱོགས་སུ་གནས་པ་བཅས་ཀྱི་ཐོག་ནས་དཀའ་གནད་ཀྱི་ཉེན་ཁ་རེ་རེ་བཞིན་བསལ་ཏེ། ཉམས་ཉེན་གྱི་ཁྲོད་དུ་གོ་སྐབས་གསར་བ་བསྐྲུན་པ་དང་འགྱུར་ལྡོག་གི་ཁྲོད་དུ་རྣམ་པ་གསར་པ་བསྐྲུན་ཐུབ་ངེས་རེད། གོ་སྐབས་ཀྱི་འདུ་ཤེས་བསྐྲུན་ནས་ཧུར་ཐག་གིས་གོ་སྐབས་ཤེས་རྟོགས་དང་གོ་སྐབས་དམ་འཛིན། གོ་སྐབས་བསྐྲུན་པ། ཡང་དག་པར་འགྱུར་ལྡོག་ངོས་འཛིན་བྱེད་པ། ཚན་རིག་དང་མཐུན་པའི་ངང་འགྱུར་ལྡོག་གཏོང་བ། རང་འགུལ་ངང་འགྱུར་ལྡོག་གཏོང་བ། ཕན་གཉེར་གནོད་གཡོལ་དང་གོ་སྐབས་སྔོན་ལ་ཐོབ་པ་བཅས་བྱེད་དགོས། ཉེན་ཁའི་འདུ་ཤེས་ཆེ་རུ་གཏོང་བ་དང་མ་མཐའི་མཚམས་ཐིག་གི་བསམ་བློ་རྒྱུན་འཁྱོངས་བྱེད་པ། ཉེན་ཁ་ཆེ་བ་དང་ཐ་ན་འཇིགས་སྣང་ཆེ་བའི་རྦ་རླབས་ཀྱི་ཚོད་བགམ་ཆེན་པོ་ཐེག་རྒྱུའི་གྲ་སྒྲིག་བྱེད་པ། འཐབ་རྩོད་ཀྱི་བློ་སྟོབས་ཇེ་བརྟན་དུ་གཏོང་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ནུས་ལྡན་ངང་འགོག་ཟོན་དང་མེད་པར་བཟོ་བ་བཅས་བྱས་ནས། ཞུམ་མེད་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་དགོས།

                                                                             ཡིག་སྒྱུར་བ། གཡང་འབུམ་རྒྱལ།