དྲི་བ་ཉེར་བརྒྱད། དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་དམངས་གཉེར་ཁེ་ལས་ཀྱི་ཐོན་དབང་དང་ཁེ་ལས་པའི་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོབ་བྱས་ནས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་པར་གོ་བ་ཇི་ལྟར་ལེན་དགོས།
2022.12.31 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 19

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས“དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་དམངས་གཉེར་ཁེ་ལས་ཀྱི་ཐོན་དབང་དང་ཁེ་ལས་པའི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོབ་བྱས་ནས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་སྐུལ་འདེད་གཏོང་དགོས”ཞེས་བསྟན་ཡོད། དེ་ནི“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”རྒྱུན་འཁྱོངས་བྱེད་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྐུལ་ལྕག་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་གཞི་རྩའི་བླང་བྱ་ཡིན།

དང་པོ། དམངས་གཉེར་དཔལ་འབྱོར་དང་དམངས་གཉེར་ཁེ་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གི་ཐོག་མཐའ་བར་གསུམ་གྱི་བྱེད་ཕྱོགས་ཡིན། རང་རྒྱལ་གྱི་དམངས་གཉེར་དཔལ་འབྱོར་ནི་བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་ཀྱི་ཁྲིད་སྟོན་འོག་འཕེལ་རྒྱས་བྱུང་བ་ཞིག་རེད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་བྱུང་ཡོད།  ཏང་གི་ཚོགས་ཆེན་ཐེངས་བཅོ་ལྔ་པ་ནས“སྤྱི་ལ་དབང་བའི་ལམ་ལུགས་གཙོ་བོར་འཛིན་ཞིང་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་གཏོང་རྒྱུ”དེ་རང་རྒྱལ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་སུ་གཏན་འབེབས་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པ་ནས “ གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས”པ་དང་། “གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྐུལ་ལྕག་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱ་དགོས”ཞེས་བཏོན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས“ གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ལྕག་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱས་ནས། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་གྱིས་ཁྲིམས་ལྟར་འདྲ་མཉམ་ཐོག་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་བེད་སྤྱོད་བྱེད་པ་དང་། དྲང་གཞག་ཐོག་ཚོང་རའི་འགྲན་རྩོད་ནང་ཞུགས་པ། འདྲ་མཉམ་ཐོག་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་པ་བཅས་ཀྱི་འགན་ལེན་བྱ་དགོས”ཞེས་བཏོན་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནས“སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་དང་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ནི་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན”པ་དང་། “སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་རྒྱུ་ནོར་བདག་དབང་ལ་གནོད་འཚེ་གཏོང་མི་རུང་བ་དང་། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་རྒྱུ་ནོར་བདག་དབང་ལའང་དེ་བཞིན་དུ་གནོད་འཚེ་གཏོང་མི་རུང”ཞེས་གསལ་པོར་བཏོན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་ནས“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”ནང་དོན་གལ་ཆེན་དུ་བརྩིས་ནས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཐབས་ཇུས་ཁྲོད་བཅུག་པ་རེད།

དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་བྱུང་ནས་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་གོ་གནས་དང་ནུས་པ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་སོང་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2018ལོའི་ཟླ11ཚེས1ཉིན་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་བསྟན་དོན། དམངས་གཉེར་དཔལ་འབྱོར་ལ“ལྔ་དྲུག་བདུན་བརྒྱད་དགུའི”ཁྱད་ཆོས་ལྡན་པ་སྟེ།  50%ཡན་གྱི་ཁྲལ་བསྡུ་དང་། 60%ཡན་གྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན། 70%ཡན་གྱི་ལག་རྩལ་གསར་སྐྲུན་གྲུབ་འབྲས། 80%ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ངལ་རྩོལ་ལས་ཞུགས། 90%ཡན་གྱི་ཁེ་ལས་གྲངས་འབོར་བཅས་ལེགས་སྐྱེས་སུ་ཕུལ་ཡོད། འདས་ཟིན་པའི་ལོ10ཡི་ནང་རང་རྒྱལ་གྱི་དམངས་གཉེར་ཁེ་ལས་ཀྱི་གྲངས་ཀ་དེ་ཁྱིམ་ཚང་བྱེ་བ་གཅིག་དང་འབུམ་བརྒྱད་ཁྲི་ལྔ་ནས་ཁྱིམ་ཚང་བྱེ་བ་བཞི་དང་ས་ཡ་བཞི་འབུམ་ལྔ་ཁྲི་བདུན་བར་འཕར་ནས་ལྡབ་གཉིས་འཕར་ཡོད་པ་རེད། དམངས་གཉེར་ཁེ་ལས་ཀྱིས་བརྟན་བརླིང་ངང་འཕར་བ་དང་། གསར་སྐྲུན་ལ་སྐུལ་འདེད། ལས་ཞུགས་འཕར་སྣོན། དམངས་ཚིས་ལེགས་བཅོས་སོགས་ཀྱི་ཐད་ལེགས་སྐྱེས་ཆེན་པོ་ཕུལ་བ་དེ་ནི། རང་རྒྱལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མེད་དུ་མི་རུང་བའི་སྟོབས་ཤུགས་ཤིག་ཡིན་ལ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གསར་གཏོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་ཀྱང་རེད།

གཉིས་པ། དམངས་གཉེར་ཁེ་ལས་འཕེལ་རྒྱས་ཁྲོད་འཕྲད་པའི་དཀའ་ངལ་དང་གནད་དོན་ལ་ཕྱི་རོལ་ཡུལ་དང་མཐུན་པའི་སྒོ་ནས་ངོས་འཛིན་བྱེད་དགོས། དུས་སྐབས་ཤིག་གི་རིང་དང་ལྷག་པར་དུ་པྲོག་གསར་གློ་ཚད་རིམས་ནད་བྱུང་པ་ནས་བཟུང་རང་རྒྱལ་གྱི་དམངས་གཉེར་ཁེ་ལས་འཕེལ་རྒྱས་ཐད་དཀའ་ངལ་འགའ་འཕྲད་ཡོད་དེ། གཅིག་ནི་མ་དངུལ་བསྡུ་སྒྲིལ་གྱི་གནད་དོན་ཁ་ཤས་ཞི་ལྷོད་དུ་གཏོང་དགོས་མོད། འོན་ཀྱང་མ་དངུལ་བསྡུ་སྒྲིལ་དཀའ་བའི་གནད་དོན་སྔར་བཞིན་མངོན་གསལ་ཡིན་ཞིང་། དམངས་གཉེར་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་བྱེད་དཀའ་བ་དང་སྐྱེད་ཀ་མངོན་གསལ་སྒོས་ཇེ་དམའ་རུ་སོང་མེད།  གཉིས་ནི་ཁྲལ་དངུལ་གྱི་ཁུར་པོ་ཅུང་ཇེ་ཡང་དུ་སོང་ཡོད་མོད། འོན་ཀྱང་སྤྱི་ཡོངས་ཀྱི་མ་རྩ་སྔར་བཞིན་ཅུང་མཐོ། ལྷག་པར་དུ་མ་བཅོས་རྒྱུ་ཆའི་རིན་གོང་མངོན་གསལ་དུ་འཕར་ནས། ལས་རིགས་ཀྱི་དབུས་སྨད་རྒྱུད་དུ་གཅིག་སྡུད་བྱས་པའི་དམངས་གཉེར་ཁེ་ལས་ཁག་གཅིག་གི་གཉེར་སྐྱོང་མ་རྩ་འཕར་བ་ཅུང་མགྱོགས་པ་རེད།  གསུམ་ནི་འགྲན་རྩོད་དྲང་གཞག་ལམ་ལུགས་ཀྱི་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་བྱས་མོད། འོན་ཀྱང་ཚོང་རར་ཞུགས་འཐུས་དང་།  ཐོན་དབང་སྲུང་སྐྱོབ་སོགས་ཀྱི་གནད་དོན་སྔར་བཞིན་འབུར་ཐོན་ཡིན་པ་རེད། བཞི་ནི་སྲིད་ཇུས་ཁག་ཅིག་གིས་དམངས་གཉེར་ཁེ་ལས་ཡུན་རིང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ཕན་པ་ཡོད་མོད། འོན་ཀྱང་ལེགས་སྒྲིག་བྱེད་པ་ཐལ་དྲག་ཚེ་ཁེ་ལས་གཉེར་སྐྱོང་ལ་ཤུགས་རྐྱེན་ཐེབས་སྲིད།  ས་གནས་སྲིད་གཞུང་ཁ་ཤས་ཀྱིས་ཁྲལ་བསྡུ་དང་། སྤྱི་ཚོགས་འགན་བཅོལ། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་པའི་ཐད“གཅིག་དཔེ་བརྒྱ་འགེབས”བྱེད་པ་དང་། ཁེ་ལས་ཀྱི་རྒྱུན་ལྡན་གཉེར་སྐྱོང་ལ་འགོག་རྐྱེན་བཟོ་བ། ཚད་ལྡན་གཉེར་སྐྱོང་གི་དམངས་གཉེར་ཁེ་ལས་འབྲིང་ཆུང་ཁག་ཅིག་ལ་གནོད་པ་བཟོས་པ་རེད།  ལྔ་ནི་དམངས་གཉེར་ཁེ་ལས་ལ་གསོན་ཤུགས་ཆེན་པོ་ལྡན་མོད། འོན་ཀྱང་ཕྱོགས་སྒྱུར་རིམ་སྤོར་གྱི་ནུས་པ་དང་ཁ་ཕྱོགས་མི་འདང་བ་རེད། དམངས་གཉེར་ཁེ་ལས་མི་ཉུང་བ་ཞིག་གིས་དེང་རབས་ཀྱི་ཁེ་ལས་ལམ་ལུགས་བཙུགས་མེད་པ་དང་ཕྱོགས་སྒྱུར་གྱི་ཤེས་ལྡན་མི་སྣའི་ལག་རྩལ་འདེགས་སྐྱོར་མེད་པ་དེས་ཀྱང་དམངས་གཉེར་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགོག་རྐྱེན་བཟོས་ཡོད།

གསུམ་པ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བར་ཤུགས་ཆེན་པོས་རྒྱབ་སྐྱོར་བྱ་དགོས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱིས་ཡུན་རིང་རྒྱུན་འཁྱོངས་བྱེད་པའི་སྲིད་ཇུས་ཤིག་ཡིན་ཞིང་། ད་ལྟ་འགྱུར་ལྡོག་གཏོང་མི་སྲིད་ལ་ཕྱིན་ཆད་ཡང་འགྱུར་ལྡོག་གཏོང་མི་སྲིད།

དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་འགྲོ་བར་སྐུལ་འདེད་གཏོང་བའི་འགག་རྩ་ནི་ཕྱོགས་མང་པོའི་ཐད་ཀྱི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། གཅིག་ནས་བརྟན་བརླིང་དང་། དྲང་གཞག  མངོན་གསལ། སྔོན་དཔག་བྱེད་ཆོག་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མགྱོགས་མྱུར་སྒོས་བསྐྲུན་དགོས། སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་གྱི་བཅོས་སྒྱུར་བྱེད་ཕྱོགས་རྒྱུན་འཁྱོངས་དང་། ཚོང་རར་ཞུགས་འཐུས་ཀྱི་བཀག་རྒྱ་བསྟུད་མར་སེལ་བ། སྤུས་ཚད་མཐོ་བའི་དྲང་གཞག་འགྲན་རྩོད་ལམ་ལུགས་འཐུས་ཚང་དུ་གཏོང་བ། དམངས་གཉེར་དཔལ་འབྱོར་གྱི་སྐྱེ་སྟོབས་དང་གསོན་ཤུགས་འདོན་སྤེལ་གང་ལེགས་བཅས་བྱ་དགོས།  གཉིས་ནས་དམངས་གཉེར་ཁེ་ལས་ཀྱི་ཐོན་དབང་ཁྲིམས་ལྟར་སྲུང་སྐྱོང་བྱ་དགོས།   དམངས་གཉེར་ཁེ་ལས་ཀྱི་ཐོན་དབང་དང་རང་བདག་གཉེར་སྐྱོང་དབང་ཆར་ཁྲིམས་ལྟར་སྲུང་སྐྱོབ་དང་། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་དོ་དམ་དང་མཉེན་གཤིས་ཁྲིམས་བསྟར་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བར་བརྟན་འཇགས་ཀྱི་སྔོན་དཔག་བཟང་པོ་བསྐྲུན་དགོས། གསུམ་ནས་ཁྲིམས་ལྟར་ཁེ་ལས་པའི་ཁེ་དབང་སྲུང་སྐྱོབ་བྱ་དགོས། དམངས་གཉེར་ཁེ་ལས་པའི་མི་ལུས་དང་རྒྱུ་ནོར་བདེ་འཇགས་ལ་ཁྲིམས་ལྟར་སྲུང་སྐྱོབ་དང་། ཁེ་ལས་པའི་ཁེ་དབང་ཁྲིམས་ལྟར་འགན་སྲུང་། ཐོན་དབང་དང་འབྲེལ་བ་ཡོད་པའི་གྱོད་གཞི་ནོར་འཁྲུལ་ཅན་ལ་ཉེན་ཟོན་ནུས་ལྡན་དང་རྒྱུན་རྣམ་ཅན་གྱི་ཡོ་བསྲང་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། བཞི་ནི་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་དམངས་གཉེར་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྔར་ལས་ལྷག་པར་སྐུལ་འདེད་གཏོང་དགོས།  སྤྱོད་གཙང་གི་སྲིད་གཞུང་དང་ཁེ་ལས་བར་གྱི་འབྲེལ་བ་ཕྱོགས་ཡོངས་ནས་བཙུགས་ཏེ། ཁེ་ལས་པའི་སྙིང་སྟོབས་སྔར་ལས་དར་སྤེལ་གཏོང་བ་དང་། དམངས་གཉེར་ཁེ་ལས་ཀྱིས་བཅོས་སྐྱོང་གྲུབ་ཚུལ་དང་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཚན་རྩལ་གསར་སྐྲུན་གྱི་ནུས་པ་ཆེ་རུ་གཏོང་བ། གཞི་གྲངས་ཅན་དུ་རིགས་བསྒྱུར་དང་ལག་རྩལ་བསྒྱུར་བཀོད་བྱེད་པ། རྒྱལ་སྤྱིའི་འགྲན་རྩོད་ནུས་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་རྒྱལ་ཁབ་ལ་དབང་བའི་ཁེ་ལས་མཉམ་བསྲེས་ཀྱི་དབང་བའི་ལམ་ལུགས་བཅོས་སྒྱུར་ནང་ཧུར་ཐག་གིས་ཞུགས་པ་བཅས་བྱས་ཏེ། རང་ངོས་འཕེལ་རྒྱས་གཏོང་རྒྱུ་དེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་བྱ་གཞག་ཁྲོད་གཏིང་ཟབ་ཏུ་འདྲེས་པར་བྱ་དགོས།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།