སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས“ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ་ནི་རླབས་ཆེ་ཞིང་དཀའ་ཚེགས་ཆེ་བའི་བྱ་གཞག་ཅིག་ཡིན་པས། མདུན་ལྗོངས་རྒྱ་ཆེ་ཞིང་ལས་འགན་ལྕི་ལ་ལམ་ཐག་རིང་བ་རེད”ཅེས་བསྟན་ཡོད། མ་འོངས་པའི་ལོ་ལྔ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་འགོ་རྩོམ་པའི་འགག་རྩའི་དུས་སྐབས་ཤིག་ཡིན་ལ། རང་རྒྱལ་གྱི་འཕེལ་རྒྱས་དེ་འཐབ་ཇུས་ཀྱི་གོ་སྐབས་སུ་ཞུགས་པ་དང་ཉེན་ཁ་དང་འགྲན་སློང་མཉམ་དུ་གནས་པ་དང་། ངེས་གཏན་མེད་ལ་ཚོད་དཔག་བྱེད་དཀའ་བའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བའི་དུས་སྐབས་ཤིག་ཀྱང་ཡིན།
ངེས་པར་དུ་ཉེན་འབྱུང་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། མཐའ་ཚད་ཀྱི་བསམ་གཞིགས་རྒྱུན་འཁྱོངས་བྱེད་པ། བདེ་དུས་ཉེན་དྲན་དང་མ་ཡོང་སྔོན་འགོག་བྱས་ནས། ཉེན་ཁ་ཆེན་པོ་དང་ཐ་ན་འཇིགས་སུ་རུང་བའི་རྦ་རླབས་ཀྱི་ཉམས་སད་ཆེན་པོ་ཐེག་པའི་གྲ་སྒྲིག་བྱེད་དགོས། འདི་ལྟ་བུའི་བསམ་གཞིག་ལ་དམིགས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལས་ངེས་པར་དུ་གཤམ་གསལ་གྱི་རྩ་དོན་གལ་ཆེན་འགའ་དམ་འཛིན་བྱེད་དགོས་པའི་ནན་བཤད་གནང་ཡོད།
དང་པོ། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོར་གྱུར་པའི་ཁྱད་ཆོས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་རྩ་བ་གནས་ས་དང་སྲོག་རྩ་གནས་ས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཁེ་ཕན་དང་ལས་དབང་དང་འབྲེལ་བ་ཡོད་པ་བཅས་ཡིན། ང་ཚོའི་བྱ་གཞག་ཡོད་ཚད་ནི་ཆེས་ངོ་བོར་གྱུར་བའི་ཁྱད་ཆོས་དང་ཆེས་ཆེ་བའི་དགེ་མཚན་འདིར་རྩ་བ་ཚུགས་ཡོད། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ནས་གཡོ་འགུལ་མི་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གོ་གནས་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་དབང་ཐང་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ནས། ཏང་གི་འགོ་ཁྲིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོ། བརྒྱུད་རིམ་སོ་སོ་བཅས་སུ་དོན་འཁྱོལ་བྱས་ཚེ། རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ཡང་དག་པའི་ཁ་ཕྱོགས་འགན་ལེན་ཏན་ཏིག་བྱེད་ཐུབ་ལ། མཐུན་སྒྲིལ་འབད་འཐབ་བྱེད་པའི་ཆབ་སྲིད་ཀྱི་གོང་བུར་འགྲིལ་ཤུགས་དང་འཕེལ་རྒྱས་ཀྱི་རང་རྟོན་འགན་ལེན་ཏན་ཏིག་བྱས་ནས། རྡོག་རྩ་གཅིག་སྒྲིལ་དང་དུས་ངལ་མཉམ་སེལ་གྱི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གཅིག་སྒྲིལ་བྱེད་ཐུབ་ངེས་ཡིན།
གཉིས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་རྒྱུན་འཁྱོངས་བྱེད་དགོས། ཁ་ཕྱོགས་ཀྱིས་འགྲོ་ལམ་གཏན་འཁེལ་དང་འགྲོ་ལམ་གྱིས་ལས་དབང་གཏན་འཁེལ་བྱེད་ཀྱི་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་མི་དམངས་ཀྱི་དགའ་སྐྱིད་འཚོ་བ་གསར་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་དེ་ཡིན། ཀྲུང་གོ་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་ཡང་དག་པའི་འགྲོ་ལམ་ཐོག་བསྐྱོད་ཚེ་། ཏང་དང་མི་དམངས་ལ་ཡངས་ཤིང་རྒྱ་ཆེ་བའི་གར་སྟེགས་ཡོད་པ་དང་། ལོ་རྒྱུས་ཀྱི་དོན་སྙིང་སྔར་ལས་ཟབ་མོ་ལྡན་པ། འགྲན་ཟླ་བྲལ་བའི་མདུན་སྐྱོད་ཀྱི་ངེས་ཤུགས་ལྡན་པ་བཅས་ལག་ལེན་ལས་ར་སྤྲོད་གང་ལེགས་བྱུང་ཡོད། ངེས་པར་དུ་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་། གཞི་རྩའི་རྩ་དོན་བཞི་རྒྱུན་འཁྱོངས། བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས། རང་བཙན་རང་བདག་དང་རང་སྟོབས་རང་སྤེལ་རྒྱུན་འཁྱོངས། འགྲོ་ལམ་མི་འགྱུར་བ་དང་ཕུགས་བསམ་མི་འགྱུར་བ་རྒྱུན་འཁྱོངས་བཅས་བྱས་ཏེ། བཀག་སྡོམ་ངན་རེངས་གྱི་ལམ་རྙིང་དུ་མི་སྐྱོད་པ་དང་། དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་དུ་ཡང་མི་བསྐྱོད་པར། རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་དེ་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་གཞི་རྩར་འཛིན་པ་དང་། ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་པ། རང་རྒྱལ་འདི་ཉིད་སྟོབས་འབྱོར་དང་། དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱ་དགོས།
གསུམ་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་དགོས། མི་དམངས་ཀྱིས་དགའ་སྐྱིད་འཚོ་བར་རེ་སྨོན་བྱེད་པ་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་ཡིན་པ་དང་། དམངས་ཚིས་བདེ་སྐྱིད་ཇེ་ཆེར་གཏོང་རྒྱུ་ནི་ང་ཚོས་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་ངོ་བོའི་བླང་བྱ་ཡིན་པ། མང་ཚོགས་ལ་འཚོ་བ་སྐྱིད་པོ་ཞིག་རོལ་ཐུབ་པར་བྱ་རྒྱུ་ནི་ང་ཚོའི་བྱ་བ་ཡོད་ཚད་ཀྱི་འགོ་རྩོམ་ས་དང་དོན་ལ་འབབ་ས་ཡིན། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ཁྲོད། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་རྒྱལ་སྲིད་ནི་མི་དམངས་ཡིན་པ་དང་མི་དམངས་ནི་རྒྱལ་སྲིད་ཡིན་པ་བློ་ལ་བརྟན་པོར་ངེས་པ་དང་། ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་ཡོད་ཚད་མི་དམངས་ལ་བརྟེན་པ་རྒྱུན་འཁྱོངས་བྱེད་པ། མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་སྒོས་མཉམ་དུ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་དེ་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་དྲང་གཞག་ངང་མི་དམངས་ཡོངས་ལ་ཕན་ཐོགས་པར་འགན་ལེན་བྱེད་དགོས།
བཞི་པ། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་རྒྱུན་འཁྱོངས་བྱེད་དགོས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་དེ་ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བར་ཐུག་ཡོད། ངེས་པར་དུ་སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བ་སྲུང་སྐྱོང་དང་། དམངས་ཚིས་བདེ་སྐྱིད་ཇེ་ཆེར་གཏོང་རྒྱུ་འགོ་རྩོམ་ས་དང་རྐང་ཚུགས་སར་བརྩིས་ཏེ། གནད་དོན་གྱི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ་དང་། གོམ་གང་མདུན་སྤོས་སྒོས་བསམ་བློ་བཅིངས་འགྲོལ་གཏོང་བ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་དང་ཇེ་ཆེར་གཏོང་བ་བཅས་ལ་དམིགས་པ། བཅོས་སྒྱུར་གསར་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། བློ་བརྟན་འགྱུར་མེད་སྒོས་སྒོ་འབྱེད་རྒྱ་བསྐྱེད་པ། འགྱུར་ལྡོག་ལ་ངོས་འཛིན་ཡང་དག་བྱེད་པ། ཚན་རིག་དང་མཐུན་པར་འགྱུར་ལྡོག་གཏོང་བ། རང་འགུལ་ངང་འགྱུར་ལྡོག་གཏོང་བ་བཅས་བྱས་ནས། རིམ་པ་གཏིང་ཟབ་པའི་སྒྲིག་སྲོལ་དང་རྐྱེན་སྲོལ་གྱི་འགོག་རྐྱེན་ནུས་ཤུགས་ཡོད་རྒུས་སེལ་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་རྒྱུན་ཆད་མེད་པར་མངོན་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་སྒུལ་ཤུགས་དང་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། རང་རྒྱལ་གྱི་ལམ་ལུགས་ཀྱི་དགེ་མཚན་དེ་རྒྱལ་ཁབ་བཅོས་སྐྱོང་གི་ཕན་འབྲས་སུ་སྔར་ལས་བཟང་བའི་སྒོ་ནས་བསྒྱུར་དགོས།
ལྔ་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པ་ནི་ང་ཚོའི་ཏང་དང་མི་དམངས་ཀྱི་འགྲན་ཟླ་བྲལ་བའི་བསམ་བློའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན། ང་ཚོས་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་མངོན་འགྱུར་བྱེད་པར་དེ་བས་ཉེ་བཅར་དང་། དེ་བས་ཡིད་ཆེས་དང་ནུས་པ་ལྡན་ཡོད། དུས་མཚུངས་སུ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་ནི་ལས་སླ་པོར་འགྲུབ་ཐུབ་པ་ཞིག་གཏན་ནས་མིན་པ་དང་། རྔ་རྡུང་དར་འཕྱར་གྱིས་མངོན་འགྱུར་བྱེད་ཐུབ་པ་ཞིག་ཀྱང་མིན་པས། མདུན་སྐྱོད་ཀྱི་ལམ་བུའི་ཐོག་སྔོན་དཔག་ཐུབ་པ་དང་སྔོན་དཔག་བྱེད་དཀའ་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་སྔར་བཞིན་གནས་ཡོད་པ་དང་། “ངང་བ་ནག་པོ”དང“བསེ་རུ་སྐྱ་བོའི་”དོན་རྐྱེན་སྣ་ཚོགས་དུས་ནམ་ཡིན་ཡང་འབྱུང་སྲིད་པ་ངེས་པར་དུ་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་པར་བྱ་དགོས། ངེས་པར་དུ་རང་རྒྱལ་འཕེལ་རྒྱས་གཏོང་བར་འཕྲད་པའི་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་ཁོང་དུ་ཆུད་པར་བྱེད་པ་དང་། འཐབ་ཇུས་ཀྱི་གོ་སྐབས་གསར་པ་དང་། འཐབ་ཇུས་ཀྱི་ལས་འགན་གསར་པ། འཐབ་ཇུས་ཀྱི་དུས་རིམ་གསར་པ། འཐབ་ཇུས་ཀྱི་བླང་བྱ་གསར་པ། འཐབ་ཇུས་ཀྱི་ཁོར་ཡུག་གསར་པ་བཅས་གཅིག་གྱུར་གྱིས་འཆར་འགོད་དང་ཁོང་དུ་ཆུད་པར་བྱས་ཏེ། བྱ་སྤྱོད་སྔོན་ལ་སྤེལ་བ་དང་རང་འགུལ་གྱི་དམག་འཐབ་ཡག་པོ་རྒྱག་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། ལོག་བཤད་ལ་ཡིད་ཆེས་མི་བྱེད་པ་དང་། ངན་རེངས་ལ་མགོ་མི་སྒུར་བ། གནོན་ཤུགས་ལ་མི་སྐྲག་པ། དཀའ་ངལ་ལ་མི་འཛེམ་པ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། ནུས་ཤུགས་ཡོད་རྒུས་མདུན་སྐྱོད་ལམ་བུའི་ཐོག་གི་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བ་བཅས་བྱས་ཏེ། ཞུམ་མེད་ཀྱི་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གསར་གཏོད་བྱེད་དགོས།
ཡིག་སྒྱུར་བ།སྒྲོལ་མ་སྐྱིད།