སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཞི་བདེའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པའི་དེང་རབས་ཅན་ཡིན”ཞེས་བསྟན་ཡོད། ཆོད་གཏམ་གལ་ཆེན་འདིས་ཀྲུང་གོ་དང་འཛམ་གླིང་གི་འབྲེལ་བའི་ཐད་ནས་ཞི་བདེའི་ངང་འཕེལ་རྒྱས་གཏོང་བའི་ལམ་བུར་བསྐྱོད་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ནང་དོན་གལ་ཆེན་དང་ཁྱད་ཆོས་གལ་ཆེན་ཡིན་པ་གསལ་སྟོན་གནང་ཡོད། དེ་ལ་གཤམ་གྱི་ཕྱོགས་གསུམ་ནས་གོ་བ་ལེན་ཆོག་སྟེ།
དང་པོ། འདི་ནི་ཀྲུང་ཧྭ་མི་རིགས་ཀྱིས་ཞི་བདེར་བརྩི་མཐོང་བྱེད་པའི་རིག་གནས་ཀྱི་གཞི་རྒྱུ་ལས་བྱུང་བ་རེད། “འཆམ་མཐུན་མཉམ་གནས”ཞེས་པ་ནི་ཀྲུང་ཧྭའི་རིག་གནས་ཀྱི་ནང་གནས་ཁྱད་ཆོས་རེད། ཀྲུང་ཧྭ་མི་རིགས་ཀྱིས་གནའ་སྔ་མོ་ནས་བཟུང“འཆམ་མཐུན”ལ་སྣང་ཆེན་བྱེད་པ་དང་།“འཆམ་མཐུན”གྱི་འདུ་ཤེས་ལ་བརྩི་སྲུང་ཞུས་ནས་ཞི་བདེ་དང་འཆམ་མཐུན། ཞི་མཐུན་བཅས་དོན་གཉེར་བྱ་རྒྱུ་དེ་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་འཇིག་རྟེན་ཁྲོད་རྩ་བ་བརྟན་པོ་བཙུགས་ཡོད། ལོ་རྒྱུས་སྟེང་ཀྲུང་ཧྭ་མི་རིགས་ཀྱིས་ཕྱི་ཕྱོགས་འཐབ་ཇུས་ལ་གཞི་རྩའི་ཆ་ནས་འགོག་སྲུང་བྱེད་པ་དང་། རྒྱལ་ཁབ་ཀྱི་གནས་བབ་དར་རྒྱས་ཆེ་ཤོས་ཀྱི་དུས་སྐབས་ཡིན་ནའང་སྒོ་འབྱེད་བསྡུ་ལེན་བྱེད་པ་དང་མངའ་ཁོངས་རྒྱ་བསྐྱེད་གཏོང་བའི་ དམིགས་ཡུལ་ནི་ས་ཁོངས་བདེ་འཇགས་དང་ཁོང་ཡངས་ལ་བརྟེན་ནས་སྟོབས་ཆེར་གཏོང་རྒྱུ་དེ་རེད། 1840ལོའི་ཉལ་ཐའི་དམག་འཁྲུག་གི་རྗེས་སུ། ཀྲུང་ཧྭ་མི་རིགས་ལ་སྔར་བྱུང་མྱོང་མེད་པའི་གོད་ཆག་བྱུང་སྟེ། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་ཐོབ་པ་དང་། དམག་འཁྲུག་མེད་པར་བཟོ་བ་དང་ཞི་བདེ་མངོན་འགྱུར་བྱ་རྒྱུ་དེ་ཀྲུང་གོ་མི་དམངས་ཀྱི་ཁ་ཚ་དགོས་གཏུག་དང་རེ་བ་ཆེ་ཤོས་སུ་གྱུར། དུས་ཡུན་རིང་བོར་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་དེ་རི་བོ་ཆེན་པོ་གསུམ་རྩ་མེད་དུ་བཏང་ནས་ཀྲུང་གོ་གསར་པ་བཙུགས་པའི་བར་དུ། ང་ཚོར་གཞི་ནས་རང་ཉིད་ཀྱི་རྒྱལ་ཁབ་འཛུགས་སྐྲུན་དང་བདེ་སྐྱིད་ལྡན་པའི་འཚོ་བ་གསར་སྐྲུན་བྱེད་པའི་ཞི་བདེའི་ཁོར་ཡུག་ཐོབ་པ་རེད། བཙན་འཛུལ་དང་བྲན་གཡོག་ཏུ་བཀོལ་བའི་ལོ་རྒྱུས་ཀྱི་དྲན་འཆར་འདིས་ང་ཚོར་སྔར་ལས་ཞི་བདེ་ནི་རྩ་ཆེན་ཡིན་པ་ཤེས་སུ་བཅུག་པས། རང་ཉིད་འཕྲད་མྱོང་བའི་སྡུག་བསྔལ་དེ་མི་གཞན་ལ་བཙན་འགེལ་གཏན་ནས་བྱེད་མི་སྲིད། ཀྲུང་གོ་མི་དམངས་སྐྲག་ས་ནི་ཟིང་ཆ་ཡིན་པ་དང་། དོན་གཉེར་བྱེད་ས་ནི་བརྟན་བརླིང་ཡིན་ལ། རེ་སྒུག་བྱེད་ས་ནི་གནམ་འོག་ཞི་བདེ་ཡོང་རྒྱུ་དེ་ཡིན། རྒྱུན་སྲིང་གི་དོན་གཉེར་དང་རེ་སྒུག་ཟབ་མོ་དེ་རིགས་ལས་ཀྲུང་གོ་ཞི་བདེའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་དེང་རབས་ཅན་མངོན་འགྱུར་བྱེད་པའི་འཛད་མེད་སྒུལ་ཤུགས་ཤིག་ཏུ་གྱུར་ཡོད།
གཉིས་པ། དེ་ནི་ཀྲུང་གོའི་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པའི་ཆ་རྐྱེན་ལ་ངོས་འཛིན་ཟབ་མོ་བྱས་པ་ལས་བྱུང་བ་ཞིག་རེད། རྒྱལ་ཁབ་ཀྱི་གནས་ཚུལ་གྱིས་བགྲོད་ལམ་གྱི་ཁ་ཕྱོགས་ཐག་གཅོད་ཀྱིན་ཡོད། དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱེད་པའི་དུས་སྐབས་བར་དང་། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དུས་སྐབས་གསར་པ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་བར། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཚོལ་ཞིབ་དང་མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་དུས་རིམ་མི་འདྲ་བར་ཞི་བདེའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པ་དང་། ཞི་བདེ་བརྟན་བརླིང་སྲུང་སྐྱོང་བྱེད་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་ནི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་དུས་སྐབས་མི་འདྲ་བའི་ལོ་རྒྱུས་ཀྱི་ལས་འགན་ལེགས་སྒྲུབ་བྱས་ཏེ། མི་རིགས་རང་བཙན་དང་རྒྱལ་ཁབ་ཕྱུག་འགྱུར། མི་དམངས་བདེ་སྐྱིད་བཅས་མངོན་འགྱུར་བྱེད་པའི་དངོས་ཡོད་ཀྱི་དགོས་མཁོ་ཞིག་རེད། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་ཕྱོགས་ཡོངས་གཉིས་སྤྱི་འདོམས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས། འཛམ་གླིང་སྟེང་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོའི་གཟུགས་བརྙན་མངོན་པར་བྱས་པས། རང་རྒྱལ་གྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་དང་འབོད་སྐུལ་ནུས་པ། གསར་བཟོའི་ནུས་པ་བཅས་མངོན་གསལ་སྒོས་ཆེ་རུ་ཕྱིན་ཡོད། དུས་མཚུངས་སུ། ངེས་པར་དུ་རིག་པ་དྭངས་གསལ་གྱིས་མཐོང་དགོས་པ་ནི་རང་རྒྱལ་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་པའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ལ་འགྱུར་བ་བྱུང་མེད་པ་དང་། རང་རྒྱལ་ནི་འཛམ་གླིང་སྟེང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་རྒྱལ་སྤྱིའི་གོ་གནས་ལ་འགྱུར་བ་བྱུང་མེད་པས། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་དུས་ལྟར་མངོན་འགྱུར་བྱེད་པ་དང་། མི་གྲངས་དུང་ཕྱུར14ལྷག་ཡོད་པའི་ཀྲུང་གོ་ཧྲིལ་པོ་དེང་རབས་ཅན་དུ་འགྱུར་བའི་མདུན་གྲལ་དུ་བསྐྱོད་ཐུབ་པར་བྱེད་ན། གཞི་ཁྱོན་དང་དཀའ་ཚད་གཉིས་ཀ་འཛམ་གླིང་ཐོག་མཐོང་དཀོན་པ་ཞིག་ཡིན་པས། ངེས་པར་དུ་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཡུན་རིང་འབད་འཐབ་དང་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་དགོས། དེར་བརྟེན། ཞི་བདེའི་ཕྱི་རོལ་གྱི་ཁོར་ཡུག་མུ་མཐུད་བསྐྲུན་རྒྱུ་དེ་ཀྲུང་གོའི་དེང་རབས་ཅན་གྱི་དམིགས་འབེན་མངོན་འགྱུར་བྱ་རྒྱུར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། དེ་བས་ང་ཚོས་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ལ་གཞི་ཚུགས་པ་དང་། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ངང་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པ། ཞི་བདེ་བརྟན་བརླིང་གི་རྒྱལ་སྤྱིའི་ཁོར་ཡུག་ཧུར་ཐག་གིས་བསྐྲུན་དགོས་པའི་བླང་བྱ་བཏོན་ཡོད།
གསུམ་པ། འདི་ནི་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་ལས་བྱུང་བ་རེད། རྒྱལ་ཁབ་ཅིག་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པ་དང་། སྟོབས་འབྱོར་མངའ་ཐང་རྒྱས་པ་མངོན་འགྱུར་བྱ་དགོས་ན། ངེས་པར་དུ་རང་འགུལ་གྱིས་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་དགོས། སྔོན་ཆད་དེང་རབས་ཅན་གྱི་སྔོན་བྱོན་པ་ཡིན་པའི“ནུབ་ཕྱོགས་ལུགས་ཀྱི་དེང་རབས་ཅན”གྱི་ངོ་བོ་ནི་མ་རྩ་རིང་ལུགས་ཀྱི་དེང་རབས་ཅན་ཡིན་པ་དང་། དམག་འཁྲུག་དང་མི་སེར་སྤེལ་བ། འཕྲོག་བཅོམ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་དེང་རབས་ཅན་མངོན་འགྱུར་བྱེད་པའི་ལམ་རྙིང་པར་གྱུར་ཡོད་པས། རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མི་དམངས་ལ་སྡུག་བསྔལ་ཆེན་པོ་བཟོས་ཡོད། གཞན་གནོད་རང་ཕན་དང་ཁྲག་དྲི་བྲོ་བའི་སྡིག་ཉེས་ཀྱིས་ཁེངས་པའི་དེང་རབས་ཅན་གྱི་ལམ་རྙིང་དེ་ངེས་པར་དུ་མཐའ་གཅིག་ཏུ་དོར་དགོས། མིག་སྔར། འཛམ་གླིང་སྟེང་ལོ་ངོ་བརྒྱ་ལྷག་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་འཕེལ་འགྱུར་འབྱུང་བཞིན་ཡོད་མོད། འོན་ཀྱང་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ནི་སྔར་བཞིན་དུས་རབས་ཀྱི་འཕེལ་ཕྱོགས་ཡིན་པ་དང་། འཛམ་གླིང་རྒྱལ་ཁབ་སོ་སོའི་ཕན་ཚུན་འབྲེལ་གཏུག་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ཚད་སྔར་ན་མེད་པའི་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་པས། ཡུན་རིང་ཞི་བདེ་དང་མཉམ་དུ་དར་རྒྱས་ཡོང་བའི་འཛམ་གླིང་འཛུགས་སྐྲུན་བྱ་རྒྱུ་ནི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་རེད། དུས་ཡུན་རིང་པོའི་ནང་། ང་ཚོས་བསམ་ཚུལ་བརྗེ་རེས་བྱེད་པ་རྒྱུན་འཁྱོངས་བྱེད་པ་ལས་ཁ་གཏད་དུ་མི་ལངས་བ་དང་། དཔུང་གྲོགས་བྱེད་པ་ལས་མནའ་འབྲེལ་དུ་མི་ཞུགས་པར་མཉམ་ལས་གཉིས་ཕན་ལ་བརྟེན་ནས་ཐུན་མོང་འཕེལ་རྒྱས་དང་ཞི་བདེ་འཕེལ་རྒྱས་ཀྱི་དེང་རབས་ཅན་གྱི་ལམ་བུའི་སྟེང་བསྐྱོད་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུ་གསར་པ་དེས“རྒྱལ་ཁབ་སྟོབས་ཆེ་ན་བཙན་བདག་བྱེད་ངེས་པའི”རྒྱལ་ཁབ་ཆེན་པོའི་སྲོལ་རྒྱུན་གྱི་རྣམ་པ་གཏོར་ནས། དེང་རབས་ཅན་མངོན་འགྱུར་བྱེད་པའི་གདམ་ག་གསར་པ་དང་ཇུས་གཞི་གསར་རྐྱང་ཞིག་འདོན་སྤྲོད་བྱས་ཡོད།
མདོར་བསྡུས་ནས་བཤད་ན། བློ་བརྟན་འགྱུར་མེད་ཀྱིས་ཞི་བདེའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་པ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་ལོ་རྒྱུས་དང་དོན་དངོས། མ་འོངས་པ་བཅས་ལ་ཕྱོགས་བསྡུས་བརྡར་ཤ་བཅད་པ་ལས་ཐོབ་པའི་ཚན་རིག་དང་མཐུན་པའི་སྡོམ་ཚིག་ཅིག་དང་། ལོ་རྒྱུས་ཀྱི་རང་རྟོན་དང་བགྲོད་ལམ་གྱི་རང་རྟོན། ལག་ལེན་གྱི་རང་རྟོགས་བཅས་གཅིག་གྱུར་དམ་ཟབ་བྱས་པ་ཞིག་རེད། སྐྱོད་ལམ་གསར་པའི་སྟེང་། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ་དང་། མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་ཡོང་བའི་ཕྱོགས་སུ་ལངས་དགོས། ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་དང་། འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་པར་སྐུལ་འདེད་གཏོང་བ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་བྱེད་པའི་ཁྲོད་རང་ཉིད་ཀྱི་འཕེལ་རྒྱས་དོན་གཉེར་བྱེད་པ་མ་ཟད། རང་ཉིད་ཀྱི་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་སྔར་ལས་སྲུང་སྐྱོང་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་དུ་སྔར་ལས་ཡངས་ཤིང་རྒྱ་ཆེ་བར་སྐྱོད་པར་སྐུལ་འདེད་གཏོང་དགོས།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།