《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པར་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ཞེས་པ་བཀོད།
2023.01.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཉེ་སྔོན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་དང་པོའི་སྟེང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་གནང་བའི་གསུང་བཤད་དེ《ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་གཏན་འཁེལ་བྱས་པའི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པར་མཐུན་སྒྲིལ་འབད་འཐབ་བྱེད་དགོས》ཞེས་པ་བཀོད།

གསུང་བཤད་ལས་ནན་གྱིས་བསྟན་དོན། ཐེངས་འདིའི་ཀྲུང་དབྱང་གི་ཚང་འཛོམས་གྲོས་ཚོགས་སྟེང་སྐབས་གསར་པའི་ཀྲུང་དབྱང་གི་འགོ་ཁྲིད་སྒྲིག་གཞི་བདམས་ཐོན་གྱི་ལས་འགན་ལེགས་འགྲུབ་བྱུང་ཡོད། ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་པ་དང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

གསུང་བཤད་ལས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པར་སྐྱོད་པ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་གནད་འགག་གི་དུས་སྐབས་སུ་ཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་ཡིན། དེ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ། མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་ཡིན་པས། དུས་རབས་གསར་པའི་སྐྱོད་ལམ་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་སུ་གཏོང་བ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་གཏན་འཁེལ་བྱས་ཡོད།

གསུང་བཤད་ལས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་གཏན་འཁེལ་བྱས་པའི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པར་མཐུན་སྒྲིལ་འབད་འཐབ་བྱེད་རྒྱུ་ནི་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་ཚན་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། དང་པོ། རང་རྒྱལ་གྱི་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་གནས་བབ་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་རིག་པ་གསལ་བོ་སྲུང་འཛིན་བྱེད་དགོས། འཐབ་ཇུས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་རྒྱལ་ཁ་ཐོབ་ངེས་ཀྱི་དད་སེམས་རྒྱུན་འཁྱོངས་བྱེད་དགོས་ལ་ཉེན་ཁའི་འདུ་ཤེས་ཆེ་རུ་གཏོང་བ་དང་མཐའ་ཚད་ཀྱི་བསམ་གཞིག་རྒྱུན་འཁྱོངས་བྱས་ཏེ། ཉེན་ཁ་ཆེ་བ་དང་ཐ་ན་འཇིགས་སྣང་ཆེ་བའི་ཚོད་བགམ་ཆེན་པོ་ཐེག་རྒྱུའི་གྲ་སྒྲིག་བྱས་ནས་དཀའ་ངལ་ཁྱད་བསད་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས། གཉིས་པ། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པར་མུ་མཐུད་དུ་སྐུལ་འདེད་བཏང་ནས། མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གོ་བ་ལེན་ཤེས་པ་དང་ཁ་གསལ་བ། ཏན་ཏིག་བཅས་ཀྱི་སྒོ་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་བྱེད་པ་དང་། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་རྒྱུན་འཁྱོངས་དང་བེད་སྤྱོད་ཡག་པོ་བྱས་ཏེ། བསམ་བློ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཕྱོགས་ཡོངས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་དོན་འཁྱོལ་བྱེད་དགོས། གསུམ་པ། ཀྲུང་གོའི་ཁྱད་ཆོས་དང་ངོ་བོའི་བླང་བྱ་ཡང་དག་པར་ཁོང་དུ་ཆུད་པར་བྱས་ནས་རང་རྒྱལ་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་མོ་བྱེད་དགོས། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་ཆེན་མོ་བཅས་གཡོ་འགུལ་མེད་པར་རྒྱུན་འཁྱོངས་བྱས་ནས། འགྲོ་ལམ་གྱི་རང་རྟོན་དང་རིགས་པའི་གཞུང་ལུགས་ཀྱི་རང་རྟོན། ལམ་ལུགས་ཀྱི་རང་རྟོན། རིག་གནས་ཀྱི་རང་རྟོན་བཅས་ཇེ་བརྟན་དུ་གཏོང་བ་དང་། རང་ཚུགས་རང་བདག་དང་རང་སྟོབས་རང་སྤེལ་རྒྱུན་འཁྱོངས་བྱེད་པ། ལམ་ལ་འགྱུར་ལྡོག་མི་གཏོང་བ་རྒྱུན་འཁྱོངས་བྱེད་པ། ཕུགས་བསམ་ལ་འགྱུར་ལྡོག་མི་གཏོང་བ་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ནས་བཀག་སྡོམ་དང་འཕེལ་རྒྱུན་ཆད་པའི་ལམ་དུ་མི་སྐྱོད་པ་དང་། དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་དུ་མི་སྐྱོད་པར་རྒྱལ་ཁབ་དང་མི་རིགས་ཀྱི་འཕེལ་རྒྱས་དེ་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་རྨང་གཞིའི་སྟེང་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། བཞི་པ། སྤྱི་ཚོགས་རིང་ལུགགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བཀོད་སྒྲིག་སོ་སོ་དོན་འཁྱོལ་ཏན་ཏིག་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་ཤུགས་རྒྱག་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་བྱ་གཙོ་བོར་དམིགས་ནས།  “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྔར་ལས་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་ཡང་དག་བྱེད་པ་དང་བཅོས་སྒྱུར་གྱི་འགག་རྩའི་བྱེད་ཐབས་སྤྱད་དེ་སློབ་གསོ་དང་ཚན་རྩལ། ཤེས་ལྡན་མི་སྣ་བཅས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་ལ་བརྩིས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུའི་སྟེང་བསྐྱོད་རྒྱུ་རྒྱུན་འཁྱོངས་ཀྱིས་བློ་བརྟན་འགྱུར་མེད་ངང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱེད་དགོས། ལྔ་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སུ་བཞག་སྟེ།  ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དང་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་བཅས་དོན་འཁྱོལ་གཏིང་ཟབ་བྱས་ནས། དམངས་འཚོ་འགན་སྲུང་དང་ལེགས་བཅོས་གང་ནུས་བྱེད་པ། མང་ལས་མང་ཐོབ་རྒྱུན་འཁྱོངས་དང་ལས་བརྩོན་ཕྱུག་འགྱུར་ལ་ཡར་སྐུལ་བྱེད་པ། གོ་སྐབས་འདྲ་མཉམ་ལ་སྐུལ་འདེད་དང་སྤྱི་ཚོགས་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱེད་པའི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། མི་ཚང་མར་རང་ཉིད་འཕེལ་རྒྱས་གཏོང་བ་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བའི་གོ་སྐབས་ཐོབ་པ་དང་། མཉམ་དུ་མི་ཚེ་ལ་མཚར་སྡུག་ལྡན་པར་བྱེད་པའི་གོ་སྐབས་ལོངས་སྤྱོད་བྱེད་དུ་བཅུག་ནས་མཉམ་དུ་ཕུགས་འདུན་མངོན་འགྱུར་བྱེད་པའི་གོ་སྐབས་ལོངས་སྤྱོད་བྱེད་དུ་འཇུག་དགོས། དྲུག་པ།  དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་གྲུབ་འབྲས་གསར་པ་ཐོབ་པར་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པ་དང་།ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ། ཏང་གི་རང་ངོས་དྭངས་གཙང་དང་རང་ངོས་འཐུས་ཚང་། རང་ངོས་གསར་བཅོས། རང་ངོས་མཐོར་གཏོང་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། རང་རེའི་ཏང་གིས་ཐོག་མའི་བསམ་འདུན་དང་ལས་འགན་བརྟན་སྲུང་བྱས་ནས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བར་བྱེད་དགོས། ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་ནང་དོན་གལ་ཆེན་ཞིག་དང་། རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བའི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཏང་གི་སྒྲིག་ཡིག་གི་བླང་བྱ་དེ་ཏང་གི་ལས་དོན་དང་ཏང་ལེགས་སྐྱོང་བྱེད་པའི་ཕྱོགས་ཡོངས་ཀྱི་རྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་མཐར་ཕྱིན་བྱེད་དགོས།

གསུང་བཤད་ལས་བསྟན་དོན། སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཚོས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་ཕྲག་ཏུ་འཁུར་ཡོད། དེ་ནི་གཟི་བརྗིད་ཧ་ཅང་ཆེན་པོ་ཞིག་ཡིན་ལ་འགན་འཁྲི་གལ་ཆེན་ཞིག་ཀྱང་ཡིན་པས། གཅིག་ནས“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་དགོས། དུས་དང་རྣམ་པ་ཀུན་ཏུ་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་། མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དོན་ཆེན་སེམས་ལ་བཟུང་སྟེ། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་མཐོང་ཆེན་དང་། ཆབ་སྲིད་ཐད་ཀྱི་གོ་ཤེས་ཅན་ཞིག་བྱེད་པ། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་རྒྱུ་དེ་ཆེས་རྩ་བར་གྱུར་པའི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ཞིག་ཏུ་བརྩི་བ། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤྱི་ཡོངས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་རྒྱལ་ཡོངས་བསམ་ཇུས་གཅིག་གི་བསམ་བློ་བརྟན་པོར་འཛུགས་པ། ཡུལ་བབ་དང་བསྟུན་པ་དང་དུས་བབ་དང་བསྟུན་པ། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བྱ་བ་སྒྲུབ་པ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ངོ་མ་ཐོན་པར་བྱེད་དགོས། གཉིས་ནས་ཕྱོགས་ཡོངས་ནས་འཇོན་ཐང་ཆེ་རུ་གཏོང་དགོས། བསམ་བློའི་ཞུན་བརྡར་དང་། རིགས་པའི་གཞུང་ལུགས་ཀྱི་སྦྱོང་བརྡར། ཆབ་སྲིད་ཀྱི་མྱོང་བརྡར། ལག་ལེན་གྱི་སྦྱོང་བརྡར་བཅས་ལ་ཤུགས་སྣོན་བརྒྱབ་ནས། ཏང་གི་མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་དང་། ཏང་གི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་གཏོང་བ། སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་ཆེན་པོ་རྒྱུན་འཁྱོངས་བྱས་ནས། ཉེན་ཁ་སྔོན་འགོག་དང་སེལ་བའི་འདུ་ཤེས་དང་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱེད་དགོས། གསུམ་ནས་འཐབ་རྩོད་ཀྱི་སྙིང་སྟོབས་ཆེ་རུ་གཏོང་དགོས། འཐབ་རྩོད་ཀྱི་ལ་རྒྱ་དང་གདེང་སྤོབས་ཆེ་རུ་བཏང་ནས། མཐའ་གཅིག་ཏུ་འཐབ་རྩོད་བྱེད་པའི་རིང་འཐབ་ཇུས་ཀྱི་རང་འགུལ་ཐོབ་པར་བྱེད་པ་དང་། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བྱེད་པ། བཀོད་འདོམས་པ་ཡག་པོ་ཞིག་དང་འཐབ་འཛིང་པ་ཡག་པོ་ཞིག་བྱེད་པ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཞུམ་མེད་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས། བཞི་ནས་སྤྱོད་གཙང་གཞུང་དྲང་རྒྱུན་འཁྱོངས་བྱེད་དགོས། ངེས་པར་དུ་རང་ལུས་རང་གཅེས་དང་། གཞུང་དྲང་ཚུལ་མཐུན། མཐའ་ཚད་བརྟན་སྲུང་བཅས་བྱས་ཏེ་ཏང་ཡོངས་ལ་མིག་དཔེ་སྟོན་དགོས། ཡང་དག་པའི་དབང་ཆའི་ལྟ་བ་འཛུགས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་རང་རྟོགས་ངང་བརྩི་སྲུང་བྱེད་པ། ཚན་ཁག་ལ་དམ་འཛིན་དང་། དཔུང་ཁག་ལ་སྣེ་ཁྲིད། དར་སྲོལ་ལེགས་གཏོང་བཅས་ཀྱི་འགོ་ཁྲིད་ཀྱི་འགན་འཁྲི་ཡག་པོ་སྒྲུབ་པ། ནང་མི་གཉེན་ཉེར་དོ་དམ་ཡག་པོ་བྱེད་པ་དང་ཉེ་འགྲམ་གྱི་མི་དང་བྱ་བར་དོ་དམ་ཡག་པོ་བྱེད་པ། ཁྱིམ་སྲོལ་བཟང་པོ་བཏོད་པ་བཅས་བྱེད་དགོས།

གསུང་བཤད་ལས་ནན་གྱིས་བསྟན་དོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བརྗེ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་དམངས་འཐུས་ཚོགས་ཆེན་དང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་སྐབས་བརྗེའི་བྱ་བ་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དེ་སྐབས་བརྗེའི་བྱ་བ་ཡག་པོ་བསྒྲུབ་རྒྱུ་དང་ཟུང་འབྲེལ་བྱས་ནས་མིག་སྔའི་བྱ་བ་སོ་སོ་ཡག་པོ་སྒྲུབ་པར་སྤྱི་འདོམས་བྱས་ཏེ། མི་སེམས་བརྟན་པོ་དང་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པར་འགན་ལེན་བྱེད་དགོས།

                                                            ཡིག་སྒྱུར་བ། གཡང་འབུམ་རྒྱལ།