འབད་འཐབ་དམིགས་འབེན་གཞི་རྩར་བཟུང་ནས་རླབས་ཆེན་གྱི་བྱ་གཞག་གསར་པ་གསར་གཏོད་བྱེད།
2023.01.08 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 20

 འདས་མ་ཐག་པའི2022ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གལ་འགངས་ཤིན་ཏུ་ཆེ་བའི་ལོ་ཞིག་རེད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་ཏེ་མིག་སྔར་དང་ཕྱིན་ཆད་དུས་སྐབས་ཤིག་གི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བྱེད་ཕྱོགས་ཆེན་མོ་གཏན་འབེབས་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་གཞི་འགོད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་སྐྱོད་ལམ་གསར་པར་གོམ་སྟབས་བརྟན་པོ་སྤོ་བ་བཅས་བྱས་ཡོད། ལོ་གཅིག་གི་རིང་ལ། རྒྱལ་སྤྱིའི་ཁོར་ཡུག་གི་གནས་བབ་ཛ་དྲག་དང་རྒྱལ་ནང་གི་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་གསུམ་གྱི་ལས་འགན་དཀའ་ཚེགས་ཆེ་ལ་ལྕི་བ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དཀའ་ངལ་ལ་མ་འཛེམས་པར་མདུན་དུ་བསྐྱོད་པ་དང་། རིམས་ནད་སྔོན་འགོག་དང་། དཔལ་འབྱོར་བརྟན་བརླིང་། འཕེལ་རྒྱས་བདེ་འཇགས་བཅས་ཡོང་བར་བྱེད་པའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས། སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་སྤུས་ཚད་བརྟན་བརླིང་ངང་ཇེ་ལེགས་སུ་གཏོང་བ། ཚན་རྩལ་གསར་སྐྲུན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ།  བཅོས་སྒྱུར་སྒོ་འབྱེད་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་བཅས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་བརླིང་རྒྱུན་འཁྱོངས་བྱས་ཡོད། ལོ་ཧྲིལ་པོར་དཔལ་འབྱོར་རྒྱུན་མཐུད་ངང་འཕར་བ་དང་། ལས་ཞུགས་སྤྱིའི་ཆ་ནས་བརྟན་པ། དངོས་གོང་བརྟན་པ། རྒྱལ་སྤྱིའི་གཏོང་ཡོང་གནས་ཚུལ་ཅུང་ལེགས་པ་བཅས་བྱུང་ཡོད། འབྲུ་རིགས་ཐོན་ཚད་བསྟུད་མར་ལོ་བརྒྱད་ལ་རྒྱ་མ་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་གསུམ་ཡན་རྒྱུན་འཁྱོངས་བྱས་པ་དང་། འབྲུ་རིགས་ཀྱི་བདེ་འཇགས་དང་། ནུས་རྒྱུའི་བདེ་འཇགས། མི་དམངས་ཀྱི་འཚོ་བ་བཅས་འགན་སྲུང་ནུས་ལྡན་བྱུང་ཡོད། པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་ཡོད། ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་ཕན་ཚུན་མཉམ་གནས་ཀྱི་རྙོག་འཛིང་ཆེ་བའི་གནས་ཚུལ་འོག་སྔོན་དཔག་ལས་བརྒལ་བའི་རྒྱུ་རྐྱེན་གྱི་རྡབ་རྡེག་དང་དཀའ་ངལ་གྱི་འགྲན་སློང་མང་པོའི་མདུན་དུ།  ང་ཚོར་གྲུབ་འབྲས་འདི་འདྲ་ཐོབ་པ་ནི་ལས་སླ་པོ་ཞིག་གཏན་ནས་མིན་པས། གཅེས་སྤྲས་ལྡབ་འགྱུར་བྱེད་དགོས།

དུས་རབས་གསར་བའི་ཚུན་གྱི་ལོ་བཅུ་པོར་ཕྱིར་མིག་བལྟས་ཚེ། གྲམ་ཐང་སྒྲོལ་བའི་ཉེན་ཁ་དང་། གྱེན་ལ་འཛེག་པའི་དཀའ་ངལ། འགག་སྒྲོལ་གྱི་དཀའ་གནད་བཅས་ཕྲད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་རྒྱུན་ལྡན་དང་སྤྱིར་བཏང་གཏན་ནས་མིན་པ་དང་ང་ཚོའི་ཕྲག་ཏུ་ཡོད་པའི་ལྗིད་རྫོབ་དང་དཀའ་ཚེགས་ཆེ་བའི་ལས་འགན་ནི་འཛམ་གླིང་དང་ཐ་ན་ལོ་རྒྱུས་ཐོག་ཧ་ཅང་མཐོང་དཀོན་པ་རེད། དཔལ་འབྱོར་བརྟན་བརླིང་དང་འཕེལ་རྒྱས་ལ་སྐུལ་འདེད། དབུལ་ཕོངས་ལས་ཐར་བ་དང་འབྱོར་འབྲིང་བསྐྲུན་པ། རིམས་ནད་ཚོད་འཛིན་དང་གནོད་འཚེ་ཆེན་པོ་འགོག་པ། འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་ཉམས་ཉེན་སེལ་བ་སོགས་ལོ་བཅུའི་རིང་། ང་ཚོས་བལྟས་ན་སེལ་ཐབས་དཀའ་བའི་དཀའ་གནད་དང་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་ཏེ་མི་རྣམས་ཀྱིས་ལྟ་སྟངས་གསར་པ་འཛིན་པའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་བསྐྲུན་ནས་ཆབ་སྲིད་དང་། དཔལ་འབྱོར། འདུ་ཤེས་འཛིན་སྟངས། རང་བྱུང་ཁམས་སོགས་ཀྱི་ཉམས་ཉེན་དང་། འགྲན་སློང་། ཉམས་སད་བཅས་ཐེག་པས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྲུབ་འབྲས་ཐོབ་ཡོད།

ལོ་བཅུའི་རིང་ཞུམ་མེད་མདུན་སྐྱོད་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་སྔར་ལས་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི་བཏིང་ཡོད། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་གི་འབྱོར་འབྲིང་ཕུགས་འདུན་མངོན་འགྱུར་བྱུང་བ་དང་། མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེ་ཤོས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པར་མ་ཟད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་ཏན་ཏིག་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པར་སྐུལ་འདེད། སྤྱི་ཡོངས་རང་བཞིན་གྱི་དོན་སྙིང་ལྡན་པའི་ཁུལ་ཁོངས་ཀྱི་འཐབ་ཇུས་གལ་ཆེན་རབ་དང་རིམ་པར་སྐུལ་འདེད་བཅས་བཏང་བས། རྒྱལ་ཁབ་ཀྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ནས། དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་གི་བྱས་རྗེས་ངོ་མཚར་ཅན་ཆེན་པོ་གཉིས་ཀྱི་ལེའུ་གསར་པ་བརྩམས་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་།  སྐྱིད་སྣང་། བདེ་སྣང་བཅས་སྔར་ལས་འཐུས་ཚང་དང་། སྔར་ལས་འགན་ལེན། སྔར་ལས་རྒྱུན་མཐུད་ཐུབ་པ་བཅས་བྱུང་ཞིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བདེ་བླག་ངང་སྐུལ་འདེད་དང་རྒྱ་སྐྱེད་བཏང་ནས་མིའི་རིགས་ལ་དེང་རབས་ཅན་མངོན་འགྱུར་ཡོང་ཆེད་གདམ་ག་གསར་པ་འདོན་སྤྲོད་བྱས་ཡོད།

ལོ་བཅུའི་རིང་དཔའ་ངར་ཆེར་བསྐྱེད་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་སྔར་ལས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་འདོན་སྤྲོད་བྱས་ཡོད། དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་བྱས་ཏེ། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་འཕེལ་བར་བྱེད་པ་དང་། ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་སྔར་ལས་ལེགས་པར་བསྐྲུན་པ། མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱས་པས།   སྤྱི་ཚོགས་ཡོངས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེ་རུ་གྱུར་བ་དང་། ཀྲུང་གོ་མི་དམངས་མདུན་སྐྱོད་ཀྱི་སྒུལ་ཤུགས་སྔར་ལས་ཇེ་དྲག་ཏུ་གྱུར་བ། འབད་འཐབ་ཀྱི་སྙིང་སྟོབས་སྔར་ལས་འཕེལ་བ། རྒྱལ་ཁ་འཐོབ་ངེས་ཀྱི་དད་སེམས་སྔར་ལས་ཇེ་བརྟན་དུ་གྱུར་ནས། ལོ་རྒྱུས་ཀྱི་རང་རྟོགས་དང་རང་འགུལ་གྱི་སྙིང་སྟོབས་ཆེན་པོར་བརྟེན་ཏེ་ཡིད་ཆེས་འཕེལ་བའི་སྒོ་ནས་དུས་རབས་གསར་པའི་ཀྲུང་གོ་འཕེལ་རྒྱས་གཏོང་བའི་རླབས་ཆེན་གྱི་ལོ་རྒྱུས་བསྐྲུན་བཞིན་ཡོད།

2023ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་འགོ་ཚུགས་པའི་ལོ་ཡིན་པས། ང་ཚོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་གི་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བློ་ལ་བཅངས་ཏེ།  ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་བཏོན་པའི་དམིགས་འབེན་དང་ལས་འགན་བློ་བརྟན་འགྱུར་མེད་ཀྱིས་དོན་ཐོག་ཏུ་འཁྱོལ་བ་དང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་རླབས་ཆེན་བྱ་གཞག་གསར་པ་བསྐྲུན་ནས་རྒྱལ་ཁ་དང་གཟི་བརྗིད་སྔར་ལས་ཆེན་པོ་འཐོབ་པར་བྱེད་དགོས།

འབད་འཐབ་ཀྱི་དམིགས་འབེན་གཞི་རྩར་བཟུང་ནས་རླབས་ཆེན་གྱི་བྱ་གཞག་གསར་པ་གསར་གཏོད་བྱེད་པར། ང་ཚོས་ལོ་རྒྱུས་ཀྱི་རང་འགུལ་ཇེ་ཆེར་བཏང་སྟེ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་རྒྱུ་དེ་འགག་རྩའི་དུས་སྐབས་སུ་གནས་ཡོད་ལ།  མདུན་སྐྱོད་ཀྱི་གོམ་སྟབས་རེ་རེ་ཚང་མ་ནི་འགན་ཁུར་ལེན་གྱི་དཀའ་ཚེགས་ཆེ་བའི་མདུན་སྐྱོད་ཅིག་ཡིན་པ་དང་། འགག་སྒྲོལ་དཀའ་སེལ་གྱིས་འགག་སྒོ་དང་ཉེན་ཁ་ལས་སྒྲོལ་ཐབས་བྱེད་པ་ཡིན་པས།  རྒྱལ་ཁ་ཐོབ་པའི་དབང་གིས་ང་རྒྱལ་གཏན་ནས་བྱེད་མི་རུང་བ་དང་། གྲུབ་འབྲས་ཐོབ་པའི་དབང་གིས་སྒྱིད་ལུག་གཏན་ནས་བྱེད་མི་རུང་ལ། དཀའ་ངལ་འཕྲད་པའི་དབང་གིས་ཕྱིར་བཤོལ་ཡང་གཏན་ནས་བྱེད་མི་རུང་། གནས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་ནའང་འདྲ། ཡང་ན་འགྲན་རྩོད་དྲག་པོར་ཇི་ལྟར་འཕྲད་ཀྱང་རུང་། གང་ལྟར་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱས་ཏེ་བསམ་བློའི་སྟོབས་ཤུགས་ལ་བརྟེན་ནས་ཡར་བརྩོན་གྱི་སྟོབས་ཤུགས་འཕེལ་བ་དང་། རིགས་པའི་གཞུང་ལུགས་ཀྱི་རང་འགུལ་ལ་བརྟེན་ནས་ལོ་རྒྱུས་ཀྱི་རང་འགུལ་ལ་སྟངས་འཛིན་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་འཇོན་ཐང་ལ་རྒྱུན་ཆད་མེད་པར་ཞུན་བརྡར་བྱེད་པ། དཀའ་བ་ཁྱད་དུ་བསད་ནས་མདུན་སྐྱོད་དང་འབད་འབུངས་ཡར་བརྩོན་བཅས་བྱས་ཚེ། ང་ཚོས་ཞུམ་མེད་ཀྱི་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་ཐུབ་ངེས་ཡིན།

འབད་འཐབ་ཀྱི་དམིགས་འབེན་གཞི་རྩར་བཟུང་ནས་རླབས་ཆེན་གྱི་བྱ་གཞག་གསར་པ་གསར་གཏོད་བྱེད་པར། ང་ཚོས་ཁུར་ལེན་བྱེད་ཕོད་པ་དང་མཐུན་སྒྲིལ་འབད་འཐབ་ཀྱི་ཕུགས་འདུན་སེམས་སུ་བརྟན་པོར་ངེས་དགོས། མཐུན་སྒྲིལ་འབད་འཐབ་ནི་ཀྲུང་གོ་མི་དམངས་ཀྱིས་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གསར་གཏོད་བྱེད་པར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན་ཞིང་། བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་ཤུགས་རྒྱག་སར་ཤུགས་སྣོན་བྱས་ནས་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ།  གསར་གཏོད་ཀྱི་གསོན་ཤུགས་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕེལ་བར་བྱེད་དགོས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེན་པོར་ཤུགས་སྣོན།  ཀུན་སེམས་གཅིག་སྒྲིལ་གྱི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་ཆེན་པོ་འཇོག་པ། དམ་པ་དོན་གཉེར་དང་དང་དཀའ་སྤྱད་དངོས་སྒྲུབ་བཅས་བྱས་ཚེ། ང་ཚོས་མཛེས་སྡུག་གི་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་ཐུབ་ངེས་ཡིན།

ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས། ཡིད་ཆེས་བརྟན་གཏོང་དང་། སེམས་ཤུགས་ཆེར་སྐྱེད། བབ་བསྟུན་འཕྲལ་སྒྲུབ། ངར་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།