—མཚོ་སྔོན་ཞིང་ཆེན་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པའི་སྒྲོག་འགྲེལ་བྱ་འགུལ་གྱི་ཕྱོགས་བསྡུས་གནས་ཚུལ།
དགུན་དུས་མཚོ་སྔོན་གྱི་ས་གཞི་ཆེན་མོར་གྲང་རླུང་འུར་འུར་ལྡང་རུང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་འཕྱུར་བ་དང་མི་སེམས་ལ་དྲོད་སྐྱིད་སྦྱིན། ལས་ཁུངས་ཀྱི་ཚོགས་ར་དང་བཟོ་གྲྭའི་འཁོར་ཁང་། སློབ་གྲྭའི་སློབ་ཁང་བཅས་སུ་ངོ་མཚར་ཆེ་བའི་འགྲེལ་བཤད་དང་། ཞིང་པའི་ཁྱིམ་དང་ར་སྐོར། རྩྭ་ཐང་གི་སྦྲ་གུར་བཅས་སུ་མཉམ་དུ་བསྡད་ནས་སྒྲོག་འགྲེལ་ཟབ་མོ་བྱས་བ་དང་། གསོན་ཉམས་དོད་པའི་བརྗེ་རེས་ཡང་ཡང་གནང་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དཔྱིད་ཀྱི་དཔལ་ཡོན་ཤར་བ་ལྟར་བྱས།
བཀོད་སྒྲིག་ཞིབ་ཚགས་བྱས་པས་མཚོ་སྔོན་གྱི་ས་གཞི་ཆེན་མོར་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ཚ་རླབས་ཤིག་མགྱོགས་མྱུར་སྒོས་འཕྱུར།
གོང་གིས་འོག་ལ་སྣེ་ཁྲིད་དང་སྔོན་ལ་དཔེ་སྟོན་བྱ་དགོས། ཞིང་ཆེན་ཏང་ཨུས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བཅས་བྱེད་པའི་བྱ་བར་ཧ་ཅང་མཐོང་ཆེན་བྱས་ཏེ། དེ་མིག་སྔར་དང་རྗེས་ཕྱོགས་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་པ་རེད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྒྲོག་འགྲེལ་ཇུས་གཞི་ཆེད་དོན་ཞིབ་བཤེར་གཏན་འབེབས་དང་། ཞིང་ཆེན་ཡོངས་ཀྱི་སྒྲོག་འགྲེལ་བྱ་བ་བཀོད་སྒྲིག་བྱས་ཡོད། ཞིང་ཆེན་རིམ་པའི་ཏང་ཡོན་འགོ་ཁྲིད་བློ་མཐུན་གྱིས་སྣེ་ཁྲིད་དེ་ལས་ཁུངས་དང་ཁེ་ལས་གླིང་ཁུལ། སྡེ་ཁུལ་སློབ་གྲྭ། ཞིང་ཁ། རྩྭ་ཐང་སོགས་གཞི་རིམ་གྱི་ལས་ཡུལ་དང་པོར་ཟབ་ཞུགས་བྱས་ཏེ། རྒྱ་ཆེའི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་དང་དངོས་སུ་འཕྲད་པ་དང་སྙིང་ཉེ་བའི་ངང་ནས་བསམ་བློ་བརྗེ་རེས་བྱས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་གྲོང་གསེབ་དར་སྤེལ། དམངས་ཚིས་བདེ་སྐྱིད། མི་རིགས་མཐུན་སྒྲིལ་སོགས་དང་ཟུང་འབྲེལ་བྱས་ཏེ། གཞི་རིམ་གྱི་ལག་ལེན་གྱི་ཕྱོགས་གང་ཅིའི་ཐད་ལ་འདྲེས་པར་བྱས། ཏང་གི་ལོ་ངོ་བརྒྱའི་རིང་གི་འབད་འཐབ་ལོ་རྒྱུས་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དངོས་ཀྱི་ནང་དོན་ལ་རྒྱུད་རིམ་ལྡན་པའི་རྒྱས་བཤད་དང་གསལ་འགྲེལ་ཟབ་མོ་བྱས་ཡོད་པས། ཚང་མས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་གནད་འཁེལ་དང་གོ་བ་གནད་འཁེལ་ལེན་རྒྱུ་དང་། སྔར་ལས་ལྷག་པའི་སྒོ་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱས་ཏེ། རླབས་ཆེན་གྱི་རྒྱལ་ཁ་གསར་པ་རྒྱུན་མི་ཆད་པར་བརྩོན་ལེན་བྱ་རྒྱུའི་ཐད་ལ་ཁྲིད་སྟོན་གྱི་དོན་སྙིང་གལ་ཆེན་ལྡན།
“མཚོ་སྔོན་པོའི་འགྲམ་ནས་མི་དམངས་ཚོགས་ཁང་ཆེན་མོའི་བར་ངས་མཚོ་སྔོན་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་བཀའ་དྲིན་དང་རེ་སྒུག་འཁྱེར་ཡོད། ད་ལྟ་སླར་ཡང་མཛེས་སྡུག་ལྡན་པའི་ས་གཞི་དེར་ཕྱིར་དྲན་བྱས་ཚེ་ལུས་ཡོངས་སུ་ངར་ཤུགས་ཀྱིས་ཁེངས་ཡོད།” “གཞི་རིམ་གྱི་དགེ་རྒན་དཀྱུས་མ་ཞིག་ཡིན་པའི་ངོས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་ཐུབ་པ་དང་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་དེ་དཔང་པོ་བྱེད་ཐུབ་པ་ནི་ངའི་གཟི་བརྗིད་ཆེན་པོ་ཞིག་རེད།” “ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་ཞིག་ཡིན་པའི་ངོས་ནས་ངས་རྒྱ་ཆེའི་ཏང་ཡོན་དང་མང་ཚོགས་ཀྱི་བསམ་བློ་དང་བྱ་བའི་དོན་དངོས་དང་འབྲེལ་བ་དམ་ཟབ་བྱས་ནས། ཚང་མར་བསམ་པའི་ནང་དོན་ཕྱོགས་ཡོངས་ནས་གོ་བ་ཡང་དག་ལེན་དུ་འཇུག་རྒྱུ་ཡིན།”ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་ལས་གནས་སུ་ཕྱིར་ལོག་བྱས་རྗེས། གཅིག་རྗེས་གཉིས་མཐུད་ངང་གཞི་རིམ་གྱི་ལས་ཡུལ་དང་པོར་བསྐྱོད་དེ་ཏང་ཡོན་དང་མང་ཚོགས་ལ་ཚོགས་འདུར་ཞུགས་པའི་མྱོང་ཚོར་གླེང་བ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྐད་སྒྲ་བཟང་པོ་བརྒྱུད་སྤྲོད་བྱེད་པ་དང་། ཡུལ་དངོས་སུ་སོང་ནས་བསམ་བློ་བརྗེ་རེས་བྱས་ཏེ་དྲི་བར་ལན་འདེབས་པ་བཅས་བྱས་པས་སྒྲོག་འགྲེལ་གྱི་དངོས་ཡོད་ཕན་འབྲས་ཆེ་རུ་ཕྱིན་ཡོད།
ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་བྱ་བར་ཇུས་འགོད་ཞིབ་ཚགས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་སྐུལ་སློང་ཚོགས་འདུ་དུས་ཐོག་ཏུ་འཚོགས། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་སྣེ་ཁྲིད་དང་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་བྱས། གཞི་གདངས་གནད་འཁེལ་དང་ཁྲིད་ཕྱོགས་དམ་འཛིན། དོན་དངོས་དང་ཟུང་འབྲེལ། ཕན་འབྲས་ལ་སྣང་ཆེན་བྱས་ནས། དོན་དངོས་ཀྱི་གཞི་གྲངས་དང་གཏམ་རྒྱུད་ཀྱི་གྱོད་དཔེ་སོགས་སྤྱད་དེ་གནས་ལུགས་གསལ་བཤད་དང་ལྟ་བ་གསལ་བཤད་བྱེད་པ་དང་། ལས་ཡུལ་དང་པོར་བསྐྱོད་དེ་མང་ཚོགས་ཁག་བགོས་ཅན་དང་དམིགས་བྱ་ཅན། མཉམ་འགུལ་ཅན་བཅས་ཀྱི་སྒྲོག་འགྲེལ་བྱས་ནས་སྒྲོག་འགྲེལ་བྱེད་སྒོ་དེ་ཟིལ་ཤུགས་ལྡན་པ་དང་། ཁྱད་ཆོས་ལྡན་པ། ཕན་འབྲས་ཐོན་པ། མང་ཚོགས་དང་འབྲེལ་འདྲིས་ཐུབ་པ། ངར་ཤུགས་འཕེལ་བ་བཅས་ཁག་ཐེག་བྱས་ཏེ། ཞིང་ཆེན་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱས་ནས་དོན་འཁྱོལ་ཡོང་བ་བྱས་ཡོད།
ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ་བ་གཅིག་ལྷག་ཙམ་རིང་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་གྲོང་ཁྱེར་དང་ཁུལ། དེ་མིན་རྫོང་།(གྲོང་ཁྱེར་དང་ཆུའུ)ཡུལ་ཚོ(གྲོང་རྡལ)དང་། སྡེ་བ། སྡེ་ཁུལ། དེ་མིན་ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་། གཞུང་ཁོངས་ཁེ་ལས། མཐོ་རིམ་སློབ་གྲྭ་བཅས་མང་ཆེ་བར་བསྐྱོད་དེ་ཁ་བར་མ་འཛེམ་པར་མུ་མཐུད་དུ་སྒྲོག་འགྲེལ་བྱས་པ་དང་། ཏང་ཡོན་ལས་བྱེད་པ་དང་གཞི་རིམ་མང་ཚོགས་ཁྲི་བཞི་ལྷག་ཙམ་ལ་སྙན་ཞུ་ཐེངས་བརྒྱ་ཙམ་ཕུལ་བར་གདེང་འཇོག་ཆེན་པོ་ཐོབ། དེ་དང་ཆབས་ཅིག ས་གནས་སོ་སོ་དང་ལས་ཁུངས་སོ་སོས་གཅིག་གྱུར་བཀོད་སྒྲིག་ལྟར་སྒྲོག་འགྲེལ་ཚོགས་པ་དང་། སྒྲོག་འགྲེལ་རུ་ཁག སྒྲོག་འགྲེལ་ཚོགས་ཆུང་བཅས་བཙུགས་ནས། རྫོང(གྲོང་ཁྱེར་དང་ཆུའུ)དང་། མཁར་གྲོང་དང་སྡེ་བ། སྡེ་ཁུལ། གཞི་རིམ་ལས་ཁུངས་བཅས་སུ་བསྐྱོད་དེ་སྒྲོག་འགྲེལ་བྱེད་སྒོ་སྤེལ། མིག་སྔའི་བར་ཞིང་ཆེན་ཡོངས་སུ་སྒྲོག་འགྲེལ་ཐེངས་ཁྲི་གཅིག་དང་སྟོང་གཉིས་ལྷག་ཙམ་བྱས་པ་དང་མང་ཚོགས་ས་ཡ་གཉིས་དང་འབུམ་བཞི་ཁྲི་དྲུག་སྟོང་གཅིག་ཟིན་ཡོད།
བབ་བསྟུན་སྣ་མང་དང་ལྟ་འདོད་ལ་ཉན་སྤྲོ་བ་བཅས་ཀྱི་སྒོ་ནས་ཏང་གི་གསར་གཏོད་གཞུང་ལུགས“མང་ཚོགས་དཀྱུས་མའི་ཁྱིམ་དུ”སྐྱོད་པར་སྐུལ་འདེད་གཏོང་དགོས།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་བརྗོད་བྱ་གཙོ་བོ་གསལ་པོར་བཤད་པ་དང་། འདས་ཟིན་པའི་ལོ་ལྔ་ཡི་བྱ་བ་དང་དུས་རབས་གསར་པའི་ལོ་ངོ་བཅུ་ཡི་རླབས་ཆེན་འཕོ་འགྱུར། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་རྣམ་པ་གསར་པར་གཏོད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་གསལ་པོར་བཤད། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བར་སྐུལ་འདེད་གཏོང་བའི་བཀོད་སྒྲིག་དང་བླང་བྱ་གསལ་པོར་བཤད། འཐབ་རྩོད་དྲག་པོ་བྱས་ནས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བའི་བླང་བྱ་གསལ་པོར་བཤད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོ་དང་རིགས་སོ་སོའི་སྒྲོག་འགྲེལ་ཚོགས་པས་ཁྲིད་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་དང་། ཕྱོགས་ཡོངས་དང་རྒྱུད་རིམ་ལྡན་པ། སྤྱི་ཡོངས་ནས་ཁོང་དུ་ཆུད་པ། གཙོ་གནད་འབུར་ཐོན། གནད་འཁེལ་གཅིག་སྡུད་བཅས་བྱས་ནས་སྒྲོག་འགྲེལ་བྱེད་ཐེངས་རེ་རེ་བཞིན་ལ་རིགས་པའི་གཞུང་ལུགས་ཀྱི་འཆད་འགྲེལ་ཡོད་ལ་དཔེ་མཚོན་གྱི་དབྱེ་ཞིབ་ཀྱང་ཡོད་པ་དང་། ཆབ་སྲིད་ཀྱི་མཐོ་ཚད་ཡོད་ལ་ལག་ལེན་གྱི་དོན་སྙིང་ཡང་ཡོད་པ། ཕྱོགས་ཡོངས་དང་འཕྱུགས་པ་མེད་ལ་གོ་བདེ་ཤེས་སླ་བས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།
མང་ཚོགས་གང་དུ་གནས་ན་ཏང་གི་གསུང་ཡང་དེ་གར་སྒྲོག་གིན་ཡོད། “སྒྲོག་འགྲེལ་བྱེད་སྟངས་དེ་ཡག་པོ་འདུག ང་ཚོས་གོ་ཐུབ་པ་དང་བལྟ་རྒྱུར་དགའ་པོ་ཡོད།” “‘རིགས་པའི་གཞུང་ལུགས་དང་རིག་རྩལ’གྱི་སྒྲོག་འགྲེལ་བྱེད་སྟངས་དེ་གོ་བདེ་ཤེས་སླ་ཡིན་པས་ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་སྔར་ལས་ཐད་ཀའི་གོ་བ་ལེན་ཐུབ་བྱུང་ལ། ང་ཚོས་ཀྱང་དེ་དང་མཉམ་དུ་སྐད་ཆ་ཚིག་གཉིས་ཀྱང་ལེན་ཐུབ།”མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་ཚ་ཧན་ཝུའུ་སུའུ་གྲོང་རྡལ་རིག་གནས་ཐང་ཆེན་དུ་སྨྱུག་པང་གི་སྒྲ་དང་ངག་འཇམ་པོའི་གཞས་ལེན་བཞིན་ཡོད་པ་དང་། 《ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་འབད་འབུངས་ཡར་བརྩོན་བྱེད་ཅེས་པའི་རོལ་དབྱངས》ལ་ས་གནས་ཀྱི་ལྟད་མོ་བ་ཚོའི་བསྔགས་བརྗོད་དང་ཐལ་མོའི་རྡེབ་སྒྲ་ཡང་ཡང་ཐོབ། བྱ་འགུལ་སྤེལ་ཡུལ་དུ་མང་ཚོགས་ཀྱིས་རང་རྩོམ་རང་འཁྲབ་བྱས་པའི་ཞབས་བྲོ《བོད་ཀྱི་བུ་བུ་མོའི་སེམས་པ་ཏང་ལ་ཕྱོགས》དང《གློག་སྒྲོན་ཁྲོད་ཀྱི་ཀྲུང་གོ》སོགས་ཁྱད་ཆོས་སྣ་ཚོགས་ལྡན་པའི་ལེ་ཚན་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་མཛུབ་ཁྲིད་འོག མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཚོའི་ཉམས་འགྱུར་གསར་པ་མངོན་ཡོད།
རིགས་པའི་གཞུང་ལུགས་གསར་པ་སྒྲོག་སྦྱང་བྱས་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ངོས་འཛིན་གཅིག་མཐུན་ཡོང་བ་བྱེད་དགོས། “བློ་སྟོབས་ཆེན་པོས་ཏང་གི་གླུ་དབྱངས་ལེན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་འོད་སྟོང་འཕྲོ། སྙན་ཞུ་སེམས་ལ་བཅངས་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ཁ་ཕྱོགས་བསྟན་ཡོད། འདས་ཟིན་པའི་ལོ་བཅུའི་ནང་འོད་སྟོང་བསྐྲུན་ནས་ཕུགས་འདུན་མངོན་འགྱུར་བྱེད།”དམངས་ཁྲོད་ཀྱི་གཞས《རླུང་གཡོར་འཕྱར་ནས་སྐྱོད་ལམ་གསར་པར་ཞུགས།》 གླུ་གར《སྣེ་ཁྲིད་པ།》《ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུས་མི་སེམས་འགུལ་བ》ཞེས་པ་སོགས་ཙོང་ཆུའི་ཁྱད་ཆོས་ལྡན་པའི་རིག་རྩལ་ལེ་ཚན་སྔ་རྗེས་སུ“ཙོང་ཆུའི་མཉམ་འདྲེས་སྨྱན་སྦྱོར་བརྒྱུད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་བསྔགས་བརྗོད་དང་བརྒྱུད་སྤེལ་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་མྱུར་དུ་འཕྱུར་ཆེད་སྐུལ་འདེད་བཏང་།
“གྲོང་གསེབ་དར་སྤེལ་གཏོང་བའི་སྒྲོག་འགྲེལ་ཚོགས་པ”དང་།“རྟ་ཐོག་གི་སྒྲོག་འགྲེལ་རུ་ཁག”“བུད་མེད་སྒྲོག་འགྲེལ་རུ་ཁག”“སྐད་གཉིས་སྒྲོག་འགྲེལ་ཚོགས་པ”སོགས་ས་གནས་སོ་སོ་དང་ཁོངས་གཏོགས་སོ་སོས་སྒྲོག་འགྲེལ་བྱ་ཡུལ་ཁག་བགོས་བྱས། རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་བྱ་འགུལ་སྤེལ་བ་བརྒྱུད་གྲོག་རོང་རྩྭ་ཐང་དང་། སྒོ་ར་དང་ཁྱིམ་ཚང་། འབྲོག་ར་དང་སྦྲ་གར་སོགས་གཞི་རིམ་གྱི་ལས་ཡུལ་དང་པོར་བསྐྱོད་དེ“རིགས་པའི་གཞུང་ལུགས་དང་རིག་རྩལ། དྲ་རྒྱ། སྐད་གཉིས”བཅས་ཟུང་དུ་འབྲེལ་རྒྱུར་སྣང་ཆེན་བྱས་ནས་སྐོར་བྲོ་དང་རྩེད་རིགས། ཞབས་བྲོ་སོགས་ས་གནས་ཀྱི་དམངས་སྲོལ་རིག་གནས་གཞས་མ་གཏམ་གཞི་རྟེན་དུ་བྱས་ཏེ། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་སྒྲོག་འགྲེལ་བྱ་འགུལ་སྤེལ་བ་རེད། ཞིང་ཆེན་ཡོངས་སུ་གཞི་རིམ་རིག་རྩལ་སྒྲོག་འགྲེལ་རུ་ཁག་ཉིས་བརྒྱ་ཞེ་དྲུག་སྒྲིག་འཛུགས་བྱས་པ་དང་། ཐོག་མའི་རིག་རྩལ་སྒྲོག་འགྲེལ་བརྩམས་ཆོས་དང་ལེ་ཚན་ལྔ་བརྒྱ་གྱ་བརྒྱད་གསར་རྩོམ་བྱས་པ། ས་གནས་སམ་རྒྱང་བསྟེན་རིག་རྩལ་སྒྲོག་འགྲེལ་ཐེངས་དྲུག་བརྒྱ་རེ་བཞི་བྱས་ལ། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་སྒྲོག་འགྲེལ་དང་ཁྱབ་གདལ། ཤུགས་རྐྱེན་ཐེབས་ཤུགས་བཅས་ཆེ་རུ་བཏང་།
ས་གནས་སོ་སོ་དང་ཁོངས་གཏོགས་སོ་སོས་གསར་དར་བརྒྱུད་བསྒྲགས་བྱེད་ཐབས་ཧུར་ཐག་སྤྱད་དེ།“སྐད་འཕྲིན་གཉིས་དང་སྣེ་གཅིག”གི་ནུས་པ་འདོན་སྤེལ་བྱས་ནས། བརྙན་ཐུང་དང་འགུལ་འཕྲིན་ཆུང་གྲས་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ། དྲ་བའི་སྐད་ཀྱི་དྲ་བའི་ཐོག་ནས་སློབ་ཁང་ཆུང་གྲས་དང་འཆད་ཁྲིད་ཆུང་གྲས་ཀྱི་སྟེང་ནས་སྒྲོག་འགྲེལ་བྱས་ཏེ། དྲ་ཐོག་དང་དྲ་ཕྱི་ནས་མཉམ་སྤྱོད་དང་དྲ་ཕྱི་ནས་མཉམ་འགུལ་ཐུབ་པར་བྱས། རིམ་སྤེལ་དྲ་ཐོག་ཆེད་དོན་ཆེད་སྒྲིག་ལེ་ཚན་ལྔ་བཅུ་ལྷག་ཙམ་བཀོད་སྒྲིག་བྱས་པ་དང་། སྒྲོག་འགྲེལ་བརྙན་ཐུང་ལྔ་བརྒྱ་ལྷག་ཙམ་ཡོངས་བསྒྲགས་བྱས་ལ། ལྟ་མཁན་མི་ཐེངས་ས་ཡ་གཅིག་ཙམ་ལ་སླེབས།
ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་ནས་སྟོབས་ཤུགས་སྐུལ་སློང་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཚ་ཚ་འུར་འུར་གྱི་ལག་ལེན་ནང་ཧུར་ཐག་གིས་ཞུགས།
སྒྲོག་འགྲེལ་ཟབ་མོ་བྱས་ནས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་ཏེ། བརྩེ་སེམས་ཟབ་མོའི་ངང་མཉམ་འགུལ་དང་འབད་འབུངས་སྟོབས་ཤུགས་འཕེལ་བར་བྱེད། སྙན་ཞུ་སྒྲོག་འགྲེལ་བྱེད་ཐེངས་རེར་བྱུང་བ་ནི་གཏིང་ཟབ་པའི་བསམ་གཞིགས་ཙམ་མིན་པར། དེ་ལས་ཞིབ་ཅིང་ཕྲ་བའི་ལག་ལེན་དང་མཛུབ་ཁྲིད་རེད། ཉན་པ་དང་ཟིན་བྲིས་སུ་འགོད་པ། བསམ་གཞིགས། བརྗེ་རེས་བཅས་ཀྱི་ཁྲོད་མཚོ་སྔོན་གྱི་མི་རིགས་སོ་སོའི་བུ་བུ་མོ་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁོང་དུ་ཆུད་པ་དང་། སྔར་ལས་ཆ་ཚང་བ་དང་རྒྱུས་ལོན་དེ་ལས་ཟབ་མོ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཕྱོགས་ཡོངས་ནས་རྩོམ་རྒྱུར་ཁ་ཕྱོགས་སྔར་ལས་གསལ་བོ་དང་། སྒུལ་ཤུགས་སྔར་ལས་ཆེ་བ། གོམ་སྟབས་སྔར་ལས་བརྟན་པོ་བཅས་བྱེད་དགོས།
“སྒྲོག་འགྲེལ་སྙན་ཞུའི་བརྗོད་བྱ་མངོན་གསལ་ཡིན་པ་དང་ནང་དོན་ཕུན་སུམ་ཚོགས་པ། ཕན་པ་མི་དམན་པ་ཐོབ་པ་བཅས་རེད།” ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་ཝའེ་སུའུ་ཡོན་གྱིས་བཤད་རྒྱུར། ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། བྱ་བར་སྐུལ་འདེད་གཏོང་བ། རང་འཁྲིའི་ལས་གནས་སྟེང་གཞི་ཚུགས་པ། གཡུལ་སའི་ནུས་པ་འདོན་སྤེལ་བྱེད་པ། ཏང་ཡོན་ལས་བྱེད་པར་སློབ་གསོ་དང་གསོ་སྦྱོང་བྱེད་པ། ཏང་འཛུགས་སྐྲུན་དང་ཏང་དར་སྤེལ་གཏོང་བ། ཏང་སྟོབས་ཆེར་གཏོང་བ་བཅས་གཟི་བརྗིད་ལྡན་པའི་ལས་འགན་དང་བླ་ན་མེད་པའི་དོན་གཉེར་དུ་བརྩིས་ནས། ཏང་གི་ཤེས་ལྡན་པ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་སྔར་ལས་ལེགས་པའི་གསོ་སྐྱོང་བྱེད་དགོས།
“སྒྲོག་འགྲེལ་ལ་ཉན་རྗེས་ང་ཚོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་གོ་བ་ཟབ་མོ་ལེན་ཐུབ་པ་དང་མྱོང་ཚོར་སྔར་ལས་ཟབ་མོ་བྱུང་ཡོད།” ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཡོན་ཁྲིན་སིན་གྱིས་བཤད་རྒྱུར། ང་ཚོས་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྟེང་གཅིག་ཏུ་བསྡུས་ཏེ། དྲང་བདེན་གསར་སྐྲུན་དང་རིག་གནས་བཟོ་སྐྲུན་ལག་བསྟར་བྱས་ནས། འགྲིམ་འགྲུལ་ཚོད་འཛིན་གྱི་གཏམ་རྒྱུད་ཡག་པོ་བཤད་པ་རྒྱུན་འཁྱོངས་ཀྱིས་ཏང་གི་འདོད་ཚུལ་དང་སྐད་སྒྲ་དུས་ཐོག་ཏུ་སྡེ་ཚོགས་ཀྱི་གཞི་རིམ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་བར་བརྒྱུད་སྤྲོད་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་འགྲིམ་འགྲུལ་ཚོད་འཛིན་ཚོགས་པའི་ལས་བྱེད་ལས་བཟོའི་ཁྲོད་སེམས་ལ་ཟུག་པ་དང་ནན་མོ་ཡིན་པ། ཕན་འབྲས་ལག་བསྟར་བཅས་ཀྱི་སྒོ་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གྲུ་ཆེན་སུམ་མདོ་གྲོང་རྡལ་པིན་ཧོ་ལམ་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་བཟང་པོས་སྒྲོག་འགྲེལ་སྙན་ཞུ་ནི་གོ་སླ་ལ་ནང་དོན་ཕུན་སུམ་ཚོགས་པ། བསམ་བློ་གཏིང་ཟབ་པ། གོ་བདེ་ཤེས་སླ་བཅས་ཡིན་པས་ང་ཚོ་གཞི་རིམ་གྱི་བྱ་བ་སྒྲུབ་མཁན་གྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཤེས་རྟོགས་དང་ཁོང་དུ་ཆུད་རྒྱུར་བློ་སྒོ་ཆེན་པོ་འབྱེད་པའི་ངོས་འཛིན་བྱས། རྗེས་ཕྱོགས་ངས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྲིད་སྟོན་དུ་བྱས་ནས་སྡེ་ཁུལ་འཕེལ་རྒྱས་དང་དོ་དམ། ཞབས་ཞུ་བཅས་ཀྱི་བྱ་བ་སོ་སོ་ཏན་ཏིག་གིས་བསྒྲུབས་ཏེ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་རྒྱུ་ཡིན།
“ནང་དོན་ཟབ་པའི་སྒྲོག་འགྲེལ་དང་གསོན་ཉམས་དོད་པའི་འགྲེལ་བཤད་ལས་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་བྱུང་།” མཚོ་སྔོན་སློབ་ཆེན2021རིམ་པའི་བསམ་བློ་ཆབ་སྲིད་སློབ་གསོའི་རབ་འབྱམས་ཞིབ་འཇུག་སློབ་མ་ཀྲུའུ་ཡུས་ཅེ་ཡིས་སེམས་འགུལ་ཐེབས་པའི་སྒོ་ནས་བཤད་རྒྱུར། གཞོན་ནུ་སློབ་མ་ཞིག་ཡིན་པའི་ཆ་ནས་ང་ཚོས་འབད་འབུངས་ཡར་བརྩོན་གྱི་སྐྱོད་ལམ་གསར་པར་ཞུགས་ཏེ་ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ། ཕུགས་བསམ་བཅངས་ལ་ཏན་ཏན་ཏིག་ཏིག་ཀྱང་བྱེད་པ། ཕུགས་བསམ་ལྡན་པ་དང་འགན་འཁྲི་འཁུར་ཕོད་པ། དཀའ་སྡུག་མྱོང་ཐུབ་པ། འབད་འཐབ་བྱེད་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་ཞིག་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་ལང་ཚོའི་འོད་ཟེར་རབ་ཏུ་འཚེར་བར་བྱེད་དགོས།
“དེ་ལྟ་བུའི་སྒྲོག་འགྲེལ་ཧ་ཅང་ཡག་པོ་འདུག ང་རང་ལོ་ན་ཆེ་ལ་ཡི་གེ་གསལ་པོ་མི་མཐོང་། སྒྲོག་འགྲེལ་ཚོགས་པས་ཚང་མས་གོ་ཐུབ་པའི་སྐད་ཆ་སྤྱད་དེ་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་བཤད་པས་ང་ཚོ་མང་ཚོགས་ཚང་མས་ཉན་རྒྱུར་ཧ་ཅང་དགའ།”མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་བྱ་མདོ་ཡུལ་ཚོ་གོར་མདོ་སྡེ་བའི་ཏང་ཡོན་རྒན་པ་བསོད་ནམས་ཀྱིས་དགའ་སྤྲོའི་ངང་བཤད་རྒྱུར། ལོ་འདི་དག་གི་རིང་ལ། ང་ཚོའི་སྡེ་བའི་རྣམ་པ་དང་རྨང་གཞིའི་སྒྲིག་བཀོད། འཚོ་བའི་ཆུ་ཚད་བཅས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པས། ང་ཚོས་སེམས་གཏིང་ནས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་ཁྲིད་སྟོན་འོག མ་འོངས་པའི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་བཟང་དུ་འགྲོ་ངེས་ཡིན་པ་ང་ཚོས་ཡིད་ཆེས་བརྟན་པོ་བྱེད་ཀྱིན་ཡོད་ཟེར།
དམིགས་འབེན་སྔར་ལས་མཐོ་བ་གཏན་འཁེལ་བྱས་ཏེ་གོམས་སྟབས་བརྟན་པོ་སྤོ་མཚམས་འཇོག་མི་རུང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་བསྟན་དོན། བློ་བརྟན་འགྱུར་མེད་ཀྱིས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ། རང་རྟོན་རང་སྤེལ་དང་དྲང་བདེན་གསར་སྐྲུན། སྙིང་སྟོབས་ཆེར་སྐྱེད། ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ། བྱ་བའི་དོན་དངོས་ལ་གཞི་ཚུགས་པ་དང་། འགན་འཁྲི་འཁུར་ཕོད་པ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་དེ་བྱ་སྤྱོད་དངོས་ལ་བསྒྱུར་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བཏོན་པའི་དམིགས་འབེན་ལས་འགན་དོན་ཐོག་ཏུ་འཁྱོལ་བ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།