སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“རྒྱལ་ནང་གི་འཁོར་སྐྱོད་ཆེན་མོའི་ནང་གནས་སྒུལ་ཤུགས་དང་ཡིད་རྟོན་རང་བཞིན་ཆེ་རུ་བཏང་ནས་རྒྱལ་སྤྱིའི་འཁོར་སྐྱོད་སྤུས་ཚད་དང་ཆུ་ཚད་ཇེ་མཐོར་གཏོང་དགོས”ཞེས་ནན་བཤད་གནང་ཡོད། དེ་ནི་གནས་བབ་གསར་པ་དང་ཆ་རྐྱེན་གསར་པའི་འོག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་བཏོན་པའི་བླང་བྱ་གལ་ཆེན་གསར་བ་ཞིག་དང་། དུས་རབས་གསར་པའི་སྐྱོད་ལམ་གསར་བར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་རྒྱུར་ལག་བསྟར་བྱེད་དགོས་པའི་བྱ་ཐབས་གལ་ཆེན་ཞིག་རེད། བྱེ་བྲག་གི་བླང་བྱར་གཤམ་གྱི་ཕྱོགས་འགའི་ཐད་ནས་གོ་བ་བླངས་ཆོག་སྟེ།
དང་པོ། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོའི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་དགོས། 2008ལོར་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་བྱུང་བ་ནས་བཟུང་། འཛམ་གླིང་ཧྲིལ་པོ་ཅན་གྱི་བསམ་པའི་རླབས་རྒྱུན་ལས་ལྡོག་སྟེ། ཕྱོགས་གཅིག་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་མངོན་གསལ་གྱིས་ཇེ་མང་དུ་སོང་བ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཞན་པ། ཆ་ཤས་ཀྱི་གདོང་ཐུག་དང་གཡོ་འགུལ་མང་པོ་བྱུང་བ། སྟོབས་དང་ལྡན་པའི་རྒྱལ་ནང་གི་ཁྲོམ་རར་ཁ་གཏད་གཅོག་པ་དང་ཕྱི་ཕྱོགས་ཀྱི་ཕོག་ཐུག་མེད་པར་གཏོང་བ། ཕྱིའི་དགོས་མཁོ་ཇེ་ཆུང་དུ་སོང་བ་ལས་བྱུང་བའི་ཤུགས་རྐྱེན་ལ་དངོས་ཡོད་ཀྱི་དགོས་གཏུག་རང་བཞིན་ལྡན་ཡོད། དུས་མཚུངས་སུ། རང་རྒྱལ་ནི་མི་གྲངས་དུང་ཕྱུར14ལྷག་ཡོད་པ་དང་། ཡོང་སྒོ་འབྲིང་གྲས་ཀྱི་ཚོགས་སྤྱི་དུང་ཕྱུར4ལྷག་ཡོད་པའི་གོ་ལ་ཧྲིལ་པོའི་སྦས་ཤུགས་ཆེས་ཆེན་པོ་ལྡན་པའི་ཁྲོམ་ར་ཞིག་ཡིན་ཞིང་། ཁྲོམ་རའི་གཞི་ཁྱོན་དང་། ཐོན་ལས་མ་ལག མི་ཤུགས་ཐོན་ཁུངས། ས་ཁོངས་ཆགས་སྟངས་སོགས་ཀྱི་ཐད་ལ་འཕེལ་རྒྱས་ཀྱི་ཁྱད་སྟོབས་དང་སྦས་ཤུགས་ཆེན་པོ་ལྡན་པ་དང་། ཉེ་བའི་ལོ་འགའི་རིང་ལ་རང་རྒྱལ་གྱི་དཔལ་འབྱོར་ནང་དུ་འཁོར་སྐྱོད་བྱེད་པའི་བསྡུར་ཚད་མུ་མཐུད་དུ་མཐོར་འདེགས་བྱུང་། རྒྱལ་ནང་གི་འཁོར་སྐྱོད་ཆེན་མོའི་ནང་གནས་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བར་ཕྱོགས་གསུམ་ཐད་ནས་ཤུགས་བསྣན་ཆོག གཅིག་ནི་མཁོ་སྤྲོད་ནུས་ཤུགས་ཇེ་ཆེར་གཏོང་དགོས། གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། ཚན་རྩལ་རང་ཚུགས་རང་སྟོབས་ཇེ་དྲག་ཏུ་གཏོང་བ། ཁེ་ལས་ཀྱི་ཚན་རྩལ་གསར་སྐྲུན་གྱི་གོ་གནས་གཙོ་བོར་ཤུགས་སྣོན་པ། སྟོབས་དང་ལྡན་ཞིང་ཕན་འབྲས་ལྡན་པའི་མཁོ་སྤྲོད་ནུས་པས་འཁོར་སྐྱོད་ཀྱི་གནད་འགག་བརྟོལ་ཏེ། མཁོ་སྤྲོད་ཀྱི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། གཉིས་ནི་དགོས་མཁོའི་སྦས་ཤུགས་སྐུལ་སློང་བྱེད་དགོས། ནང་མཁོ་རྒྱ་སྐྱེད་པའི་འཐབ་ཇུས་ཀྱི་གཞི་གནས་འདི་རྒྱུན་འཁྱོངས་དང་། འཛད་སྤྱོད་དང་དངུལ་གཏོང་ཁྱབ་ཁོངས་ཀྱི་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་འཛད་སྤྱོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཐོན་པའི་རྨང་གཞིའི་རང་བཞིན་གྱི་ནུས་པ་དང་དངུལ་གཏོང་གིས་མཁོ་སྤྲོད་ཀྱི་གྲུབ་ཚུལ་ལེགས་བསྒྱུར་བྱེད་པར་གནད་འགག་གི་ནུས་པ་ཐོན་ཤུགས་མུ་མཐུད་ཇེ་དྲག་ཏུ་བཏང་སྟེ། རྒྱལ་ནང་གི་འཁོར་སྐྱོད་ཆེན་མོའི་དགོས་མཁོ་ཆེས་ཆེན་པོའི་འཐེན་ཤུགས་ཇེ་དྲག་ཏུ་གཏོང་དགོས། གསུམ་ནི་བཅོས་སྒྱུར་གྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོ་གང་མགྱོགས་ཀྱིས་འཛུགས་པ་དང་། ས་གནས་སྲུང་སྐྱོབ་དང་སྲིད་འཛིན་རང་བཞིན་གྱི་སྒེར་སྡོམ་མེད་པར་བཟོ་བ། ཚོང་ཟོག་དང་རྒྱུ་རྐྱེན་གཙོ་བོའི་རང་དབང་གིས་འཁོར་རྒྱུག་དང་ཁྲོམ་ར་ཅན་གྱི་སྒྲིག་བཀོད་ལ་སྐུལ་འདེད་གཏོང་བ། འདྲ་མཉམ་གྱི་འགྲན་རྩོད་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། ཁྲོམ་ར་གཙོ་བོའི་གསོན་ཤུགས་སྐུལ་སློང་བྱས་ཏེ། མཁོ་འདོན་དང་དགོས་མཁོའི་ཆུ་ཚད་མཐོ་བའི་འགུལ་རྣམ་གྱི་དོ་སྙོམ་ལ་ལམ་ལུགས་ཀྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས།
གཉིས་པ། རྒྱལ་ནང་གི་འཁོར་སྐྱོད་ཆེན་མོའི་ཡིད་རྟོན་རང་བཞིན་ཇེ་ཆེར་གཏོང་དགོས། ལོ་བཅུ་ཕྲག་འགའི་འཕེལ་རྒྱས་བརྒྱུད། རང་རྒྱལ་ལ་གོ་ལ་ཧྲིལ་པོའི་ཆེས་ཆ་ཚང་དང་གཞི་ཁྱོན་ཆེས་ཆེ་བའི་བཟོ་ལས་མ་ལག་དང་འཐུས་སྒོ་ཚང་བའི་སྒྲིག་ཆས་ཆ་ཚང་གི་ནུས་པ་ཡོད་པ་དང་། ལག་རྩལ་གསར་སྐྲུན་གྱི་ནུས་པ་ཅུང་ཆེན་པོ་དང་ཐོན་སྐྱེད་ནུས་པ་ཆེན་པོ་ལྡན་ཡོད། ཡིན་ཡང་། དེ་དང་ཆབས་ཅིག་རྒྱལ་ནང་གི་འཁོར་སྐྱོད་ཤར་གཏོང་ལ་འགན་སྲུང་བྱེད་པར་ད་དུང་མངོན་གསལ་གྱི་ཞན་ཆ་དང་ཉམས་ཞན་གྱི་ཆ་ཡོད་པ་དང་། གཙོ་བོ་ནི་ཐོན་ལས་ཀྱི་རྨང་གཞིའི་ནུས་པ་ཅུང་ཞན་པ་དང་། གནད་འགག་གི་ལྟེ་བའི་ལག་རྩལ་གྱི“འགག་སྒོའི”གནད་དོན་འབུར་དུ་ཐོན་པ་དང་། “སྦྲེལ་ཐག་ཆད་པའི”ཉེན་ཁ་ཡོད་པ་རེད། ཐོག་མའི་གསར་སྐྲུན་ནུས་པ་ཞན་པ་དང་། རྨང་གཞིའི་ཞིབ་འཇུག་ཉུང་ཞིང་“0ནས1བར”ཐོག་མའི་རང་བཞིན་གྱི་གྲུབ་འབྲས་མེད་པ་རེད། རྡོ་སྣུམ་དང་། རང་བྱུང་སོལ་རླངས། ལྕགས་གཏེར་སོགས་ནུས་ཁུངས་དང་གཏེར་ཁའི་ཐོན་ཁུངས་ཕྱི་ཕྱོགས་སུ་བརྟེན་ཚད་མཐོ་ཞིང་། ལྷག་པར་དུ་འཛམ་གླིང་དུ་ལོ་ངོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་ཞིག་མགྱོགས་མྱུར་གྱིས་བྱུང་བའི་གནས་བབ་འོག ཕྱི་ཕྱོགས་ཀྱི་གནོན་ཤུགས་དང་བཀག་འགོག་ཡང་དེར་བསྟུན་གྱིས་ཇེ་མང་དུ་འགྲོ་སྲིད་པ་དང་། “རྙི་དང་བྲལ་བ”དང་“སྦྲེལ་ཐག་ཆད་པའི”ཉེན་ཁ་ཆེ་རུ་སོང་བས། ཞན་ཆ་དེ་དག་གིས་ཞན་ཆ་དེ་ལས་མི་ལེགས་པར་མངོན་པ་དང་། ཞན་པའི་ཆ་དེ་སྔར་ལས་ཞན་པ་ཞིག་ཏུ་གྱུར་ཡོད། མཐའ་ཚད་ཀྱི་འདུ་ཤེས་འཛུགས་པ་དང་ཚད་ཡོད་ཀྱི་བསམ་གཞིག་ལ་ཤུགས་སྣོན་བརྒྱབ་ནས་གནད་འགག་གི་ལྟེ་བའི་ལག་རྩལ་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པར་བྱེད་པ་དང་། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་གི་མཉེན་གཤིས་དང་བདེ་འཇགས་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོར་འདེགས་གཏོང་བ། འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་མཁོ་སྤྲོད་འགན་ལེན་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོའི་ཡིད་རྟོན་རང་བཞིན་དངོས་གནས་མཐོ་རུ་བཏང་སྟེ། ཐལ་དྲག་པའི་གནས་ཚུལ་འོག་རང་རྒྱལ་གྱི་དཔལ་འབྱོར་འཛུགས་སྐྲུན་རྒྱུན་ལྡན་ངང་འཁོར་སྐྱོད་དང་སྤྱི་ཚོགས་ཀྱི་ཆེ་ཕྱོགས་བརྟན་འཇགས་སྲུང་འཛིན་བྱེད་པར་འགན་སྲུང་བྱས།
གསུམ་པ། རྒྱལ་སྤྱིའི་འཁོར་སྐྱོད་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་གཏོང་དགོས། ཉེ་བའི་ལོ་འགའི་རིང་། ལོ་ངོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་མཉམ་འདྲེས་ཀྱི་ཤུགས་རྐྱེན་འོག གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་མཁོ་འདོན་བྱ་རྒྱུ་དེ་ས་ཁོངས་ཅན་དང་། རང་ས་ཅན། སྦྲེལ་ཐག་ཐུང་བ་ཅན་གྱི་ཁ་ཕྱོགས་མངོན་གསལ་དུ་གྱུར་བ་དང་། རང་རྒྱལ་གྱིས་ཉོ་ཚོང་བརྗེ་རེས་དང་དངུལ་གཏོང་ཕྱོགས་ནས་ཕྱི་ཕྱོགས་དང་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཐད་འགྲན་སློང་མི་ཉུང་བ་ཞིག་ལ་འཕྲད་ཡོད། ཕྱི་ཕྱོགས་སུ་སྒོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོའི་ཐོན་ལས་ལས་བགོས་དང་མཉམ་ལས་ནང་ཟབ་ཞུགས་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་ཀྱི་ཐོན་ཁུངས་གཉིས་ཀྱི་མཉམ་འགུལ་ཕན་འབྲས་ཇེ་དྲག་ཏུ་གཏོང་བ། ཀྲུང་གོའི་སྒོ་འབྱེད་ཀྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་མྱུར་ཚད་དལ་བར་ཁ་གཏད་གཅོག་དགོས། གཅིག་ནི་ཚོང་རྫས་དང་འཁོར་སྐྱོད་རྣམ་པའི་རྒྱུ་རྐྱེན་སྒོ་འབྱེད་མུ་མཐུད་དུ་རྒྱ་སྐྱེད་དགོས། རང་རྒྱལ་གྱི་རྒྱལ་ནང་ཁྲོམ་རའི་གྲུབ་ཚུལ་གྱི་སྟོབས་དང་ལྡན་པའི་ཐོན་སྐྱེད་དང་འཛད་སྤྱོད་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། གོ་ལ་ཧྲིལ་པོའི་ཚོང་ཟོག་དང་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་ཀྱི་སྟོབས་དང་ལྡན་པའི་འགུག་ཤུགས་སྔར་ལས་ལྷག་པའི་སྒོ་ནས་འདོན་སྤེལ་བྱེད་པ། ཕྱི་ཕྱོགས་ཀྱི་ཐོན་ལས་སྦྲེལ་ཐག་དང་མཁོ་འདོན་སྦྲེལ་ཐག་ལེགས་སྒྲིག་གི་ནུས་པ་ཇེ་མཐོར་གཏོང་བའི་ཕྱོགས་སུ་བསྒྱུར་བར་སྔར་ལས་ལྷག་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། དངོས་ཟོག་ཉོ་ཚོང་ལེགས་སྒྱུར་གྱི་རིམ་པ་སྤོར་བར་སྐུལ་འདེད་གཏོང་བ་དང་། ཞབས་ཞུའི་ཉོ་ཚོང་འཕེལ་རྒྱས་ཀྱི་རྐྱེན་སྲོལ་གསར་སྐྲུན་བྱེད་པ། ཉོ་ཚོང་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་དགོས། ཕྱི་དངུལ་འོས་འཚམ་གྱིས་ཇེ་ཉུང་དུ་གཏོང་རྒྱུ་དེ་ལྡོག་ཕྱོགས་ཀྱི་རྩིས་ཐོ་ནང་བཀོད་ཆོག་པ་དང་། ཚོང་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་སྐྲུན་དགོས། ས་ཁོངས་སྒོ་འབྱེད་ཀྱི་བཀོད་པ་ཇེ་ལེགས་སུ་གཏོང་བ་དང་།“རྒྱུད་གཅིག་ལམ་གཅིག”གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་བོར་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་དྲ་རྒྱ་རྒྱ་སྐྱེད་དུ་གཏོང་བ། རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་སྟངས་དང་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བའི་སྣ་མང་དང་བརྟན་འཇགས་ལ་སྲུང་སྐྱོང་བཅས་བྱ་དགོས། གཉིས་ནས་ལམ་ལུགས་རྣམ་པའི་སྒོ་འབྱེད་མུ་མཐུད་དུ་རྒྱ་སྐྱེད་དགོས། སྒྲིག་སྲོལ་དང་། སྒྲིག་ལུགས། དོ་དམ། ཚད་གཞི་སོགས་ཀྱི་ལམ་ལུགས་རྣམ་པའི་སྒོ་འབྱེད་བརྟན་པོའི་ངང་རྒྱ་ཆེ་རུ་བསྐྱེད་དེ། ཆ་རྐྱེན་འཛོམས་པའི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་དང་རང་མོས་ཉོ་ཚོང་གྲུ་ཁའི་ཚོད་ལྟ་ས་ཚིགས་སུ་རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་སྲོལ་འབྲེལ་མཐུད་ལ་སྐུལ་འདེད་གཏོང་དགོས་བར་མ་ཟད། བཅོས་སྒྱུར་སྒོ་འབྱེད་ཀྱི་མཐོ་སའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གཏིང་ཟབ་པའི་བཅོས་སྒྱུར་ལ་བརྟེན་ནས་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་དགོས། གསུམ་ནས་འཕེལ་རྒྱས་དང་བདེ་འཇགས་གཅིག་འདོམས་ལ་འཆར་འགོད་སྔར་ལས་ལེགས་པོ་བྱེད་པ་དང་། ཕྱི་དངུལ་བདེ་འཇགས་ཞིབ་བཤེར་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཕྱི་རྒྱལ་གྱི་ཁེ་ཕན་སྲུང་སྐྱོབ་དང་དངུལ་གཏོང་ཉམས་ཉེན་སྔོན་འགོག་དང་ཚོད་འཛིན་མ་ལག་འཛུགས་སྐྲུན་བྱས་ཏེ། སྒོ་འབྱེད་དང་འཚམ་པའི་ཉེན་ཟོན་འགོག་སྲུང་མ་ལག་འཐུས་ཚང་དུ་གཏོང་དགོས།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།