སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་གཙོ་བོ་ཡིན”ཞེས་བསྟན་ཡོད། དེ་ནི་རང་རྒྱལ་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་ཆ་རྐྱེན་དང་དུས་རིམ་གསར་པར་དབྱེ་ཞིབ་ཟབ་མོ་བྱས་པ་དང་། རང་རྒྱལ་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལག་ལེན་གྱི་ལོ་རྒྱུས་འཕེལ་རིམ་དང་དེ་མིན་རྒྱལ་ཁབ་སོ་སོའི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྤྱིར་བཏང་གི་ཆོས་ཉིད་ལ་ངོས་འཛིན་དང་ཁོང་དུ་ཆུད་པར་བྱེད་པའི་རྨང་གཞིའི་སྟེང་། ཕྱོགས་ཡོངས་ཀྱི་རང་བཞིན་དང་ཡུན་ཕན་གྱི་རང་བཞིན། འཐབ་ཇུས་ཀྱི་རང་བཞིན་བཅས་ལྡན་པའི་བརྡར་ཤ་གལ་ཆེན་བཅད་པ་ཞིག་རེད། དེ་ལ་གཤམ་གྱི་ཕྱོགས་བཞི་ནས་གོ་བ་ལེན་དགོས།
དང་པོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྔར་ལས་བརྟན་པའི་དངོས་པོའི་རྨང་གཞི་འདོན་སྤྲོད་བྱ་དགོས། རྒྱལ་ཁབ་དེང་རབས་ཅན་གྱི་ལོ་རྒྱུས་ལ་གཙོ་བོར་བལྟས་ན། བཟོ་ལས་ཅན་གྱི་འཕེལ་རིམ་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་རྒྱུན་མཐུད་ངང་འཕར་སྣོན་ཡོང་བ་རྒྱུན་འཁྱོངས་བྱ་རྒྱུ་ནི་དེང་རབས་ཅན་གྱི་དངོས་པོའི་རྨང་གཞི་རེད། བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ། ང་ཚོས་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་གིས་སྲིད་འཛིན་པ་དང་རྒྱལ་ཁབ་དར་རྒྱས་གཏོང་བའི་ལས་འགན་ཐོག་མ་ཡིན་པའི་འཕེལ་རྒྱས་འདི་ཁོང་དུ་བརྟན་པོར་ཆུད་པར་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་མྱུར་ཡོང་བར་སྐུལ་འདེད་བཏང་བས། འཛམ་གླིང་ཡོངས་ཀྱིས་བརྩི་མཐོང་བྱེད་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་ཡོད། འོན་ཀྱང་། རང་རྒྱལ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ཞིང་། སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་ཡོད་པ་དང་། རང་རྒྱལ་གྱི་མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་བར་གྱི་ཧེ་བག་སྔར་བཞིན་ཅུང་ཆེ་བ་དང་། དཔལ་འབྱོར་དངོས་ཤུགས་དང་ཚན་རྩལ་དངོས་ཤུགས། མི་ཤུགས་མ་རྩའི་ཆུ་ཚད། ཐོན་ལས་ཀྱི་རྨང་གཞིའི་ནུས་པ། དེང་རབས་ཅན་གྱི་ཆུ་ཚད་སོགས་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དང་བསྡུར་ན་ད་དུང་བར་ཐག་ཡོད། དཔལ་འབྱོར་བསྡོམས་འབོར་གྱི་གཞི་ཁྱོན་མུ་མཐུད་རྒྱ་སྐྱེད་དང་འཕེལ་རྒྱས་གཏོང་བའི་སྤུས་ཚད་དང་ཕན་འབྲས་སྔར་ལས་ཇེ་ཆེར་ཕྱིན། རང་རྒྱལ་གྱི་སྤྱི་ཚོགས་ལས་དོན་འཕེལ་རྒྱས་དང་། རིག་གནས་ལས་དོན་དར་རྒྱས། སྐྱེ་ཁམས་ཁོར་ཡུག་བཟང་བ། རྒྱལ་སྤྱིའི་གོ་གནས་མཐོར་འདེགས། བདེ་འཇགས་ནུས་ཤུགས་ཇེ་ཆེར་གཏོང་བ་སོགས་ཕྱོགས་གང་ཅིའི་ཐད་ནས་འཛུགས་སྐྲུན་བྱེད་པའི་དངོས་པོའི་ཆ་རྐྱེན་ད་གཟོད་རྒྱུན་མི་ཆད་པར་སྲ་བརྟན་དུ་གཏོང་ཐུབ་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་ན་ད་གཟོད་སྔར་ལས་སྲ་ཞིང་བརྟན་པའི་དངོས་པོ་དང་ལག་རྩལ་གྱི་རྨང་གཞི་ཡོད་པ་རེད།
གཉིས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གཞི་རྩའི་ཐབས་ལམ་ཡིན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཚོན་པའི་འཕེལ་རྒྱས་རེད། དུས་ཡུན་རིང་པོའི་ནང་དཔལ་འབྱོར་མགྱོགས་མྱུར་ངང་འཕར་སྣོན་བྱུང་བ་བརྒྱུད་དེ་རང་རྒྱལ་གྱི་དཔལ་འབྱོར་བསྡོམས་འབོར་འཛམ་གླིང་གི་ཨང་གཉིས་པར་བརྟན་པོར་གནས་ཡོད། མིག་སྔར། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་འགལ་ཟླ་དང་གནད་དོན་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ད་དུང་འགག་གནད་མང་པོ་ཞིག་ལས་གཅིག་བསྡུས་སྒོས་མཚོན་ཡོད་པ་དང་། གཙོ་བོ་ནི་ཚན་རྩལ་གསར་གཏོད་ཀྱི་ནུས་པ་ད་དུང་ཆེན་པོ་མེད་པ་དང་། འདོན་སྤྲོད་མ་ལག་གི་སྤུས་ཚད་ད་དུང་མི་མཐོ་ལ། ཐོན་ཁུངས་ཀྱི་གྲུབ་ཆའི་ཟད་གྲོན་ཅུང་མཐོ་བ། ལྗང་མདོག་ཐོན་སྐྱེད་དང་འཚོ་བ་རོལ་སྟངས་ད་དུང་རྦད་དེ་ཆགས་མེད་པ་སོགས་རེད། དེ་དང་ཆབས་ཅིག གོ་ལ་ཧྲིལ་པོའི་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་འཕེལ་རྒྱས་ཇེ་ཟབ་དུ་ཕྱིན་ནས་གོ་ལ་ཧྲིལ་པོའི་ཐོན་ལས་རྣམ་པ་དང་ལས་བགོས་རྣམ་པར་འགྱུར་ལྡོག་ཟབ་མོ་ཕྱིན་ཡོད། གལ་ཏེ་གསར་སྐྲུན་ལ་བརྟེན་ནས་སྐུལ་འདེད་དང་། གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར། ལྗང་མདོག་དང་ཐཱན་ཉུང་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་སྟངས་གང་མགྱོགས་ཀྱིས་ཆགས་མི་ཐུབ་པ་དང་། འཕེལ་རྒྱས་ཁྲོད་ཀྱི་འགལ་ཟླ་དང་གནད་དོན་སྔར་ལས་གསོག་འཇོག་བྱེད་མ་ཐུབ་ན། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བ་དང་ཐ་ན་དེང་རབས་ཅན་འཛུགས་སྐྲུན་བདེ་བླག་ངང་སྤེལ་རྒྱུར་ཤུགས་རྐྱེན་ཐེབས་སྲིད། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་འཕེལ་རྒྱས་གཏོང་བར་ངེས་པར་དུ་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་དགོས། ཐོན་སྐྱེད་ཀྱི་རྟེན་འབྱུང་གྲངས་ཇེ་ལེགས་སུ་གཏོང་བ་དང་། རྒྱུ་རྐྱེན་གཙོ་བོའི་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ཁྱད་སྟོབས་གསར་པ་རྒྱུན་ཆད་མེད་པར་བསྐྲུན་པ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་རྒྱུན་མཐུད་བདེ་བླག་ངང་སྐུལ་འདེད་གཏོང་རྒྱུར་ཁག་ཐེག་བྱེད་དགོས།
གསུམ་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དེང་རབས་ཅན་འཛུགས་སྐྲུན་གྱིས་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་ཐུབ་པའི་རྩ་བའི་འདེགས་སྐྱོར་ཞིག་རེད། འཕེལ་རྒྱས་གཏོང་རྒྱུ་ནི་མཐར་གཏུགས་ནས་བཤད་ན་མི་དམངས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་དུ་འཇུག་པའི་ཆེད་རེད། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་། རང་རྒྱལ་མི་དམངས་ཀྱི་འཚོ་བ་ལྟོ་གོས་མི་འདང་བ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་སླེབས་པ་དང་། དེ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་སླེབས་པའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་མཆོང་སྐྱོད་བྱུང་ཡོད། འོན་ཀྱང་མཐོང་དགོས་པ་ཞིག་ལ། རང་རྒྱལ་གྱི་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ད་དུང་མི་མཐོ་བ་དང་། མང་ཚོགས་ལ་ལས་ཞུགས་དང་། སློབ་གསོ། སྨན་བཅོས། རྒན་གསོ། སྡོད་ཁང་སོགས་ཀྱི་ཐད་དཀའ་གནད་མི་ཉུང་བ་ཞིག་འཕྲད་ཡོད། 2021ལོར་རང་རྒྱལ་གྱི་མཁར་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ནི་ཞིང་སྡེའི་ལྡབ་གཉིས་དང་གྲངས་ཆུང་ལྔ་ཡིན་པ་དང་། མཁར་གྲོང་མངའ་ཁོངས་འཕེལ་རྒྱས་དང་ཡོང་འབབ་བགོ་བཤའི་ཧེ་བག་སྔར་བཞིན་ཅུང་ཆེ། དུས་མཚུངས་སུ། མི་དམངས་ཀྱི་མཛེས་སྡུག་འཚོ་བའི་དགོས་མཁོ་ཉིན་རེ་བཞིན་རྒྱ་ཁྱབ་ཏུ་གཏོང་དགོས་པས། དངོས་པོའི་རིག་གནས་ཀྱི་འཚོ་བར་བླང་བྱ་སྔར་ལས་མཐོ་བ་བཏོན་པ་མ་ཟད། ད་དུང་དམངས་གཙོ་དང་ཁྲིམས་ལུགས། དྲང་གཞག དྲང་བདེན། བདེ་འཇགས། ཁོར་ཡུག་སོགས་ཐད་ཀྱི་བླང་བྱ་ཡང་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་ཐུབ་པའི་འཕེལ་རྒྱས་ཤིག་རེད། མ་དངུལ་འཇོག་པར་ཐོབ་ཆ་ཡོད་པ་དང་། ཁེ་ལས་ལ་ཁེ་སྤོགས་ཡོད་པ། ལས་བཟོ་པར་ཡོང་འབབ་ཡོད་པ། སྲིད་གཞུང་ལ་ཁྲལ་བསྡུ་ཡོད་པ། ཁོར་ཡུག་ལ་ལེགས་བཅོས་ཡོད་པ་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་། བགོ་བཤའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་བ། མི་དམངས་ཀྱི་འཚོ་བའི་སྤུས་ཀ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ། དངོས་པོ་ཕྱོགས་ཡོངས་ནས་ཕུན་སུམ་ཇེ་ཚོགས་དང་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། མི་དམངས་ཡོངས་རྫོགས་ཐུན་མོང་གིས་ཕྱུག་འགྱུར་ཡོང་བ་དང་དོན་དངོས་རང་བཞིན་ལྡན་པའི་འཕེལ་རྒྱས་སྔར་ལས་མངོན་གསལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱ་དགོས།
བཞི་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དེང་རབས་ཅན་འཛུགས་སྐྲུན་བརྟན་པོའི་ངང་རྒྱང་རིང་དུ་བསྐྱོད་པར་སྐུལ་འདེད་གཏོང་བའི་འགན་སྲུང་གལ་ཆེན་ཞིག་ཡིན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་བདེ་འཇགས་སྔོན་འགྲོའི་ཆ་རྐྱེན་ཡིན་པའི་འཕེལ་རྒྱས་ཤིག་རེད། དེང་གི་འཛམ་གླིང་བདེ་འཇགས་དེ་འདྲ་མིན་མོད། ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་ནད་ཡམས་མཉམ་དུ་འདྲེས་ཡོད་པས། གོ་ལ་ཧྲིལ་པོ་ཅན་གྱི་བསམ་པའི་རླབས་རྒྱུན་ལས་ལྡོག་སྟེ། ས་ཆ་ཁ་ཤས་སུ་གདོང་ཐུག་དང་ཟང་ཟིང་མང་པོ་ཐོན་བཞིན་ཡོད། གོ་ལ་ཧྲིལ་པོའི་འབྲུ་རིགས་བདེ་འཇགས་དང་ནུས་རྒྱུའི་བདེ་འཇགས། ཐོན་ཁུངས་བདེ་འཇགས། ཐོན་ལས་སྦྲེལ་ཐག མཁོ་སྤྲོད་སྦྲེལ་ཐག་གི་བདེ་འཇགས་སོགས་ཀྱི་གནད་དོན་སྔར་ལས་འབུར་ཐོན་དུ་འགྲོ་བཞིན་ཡོད། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ངོས་ནས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ལས་འགན་སྔར་བཞིན་དགོས་གཏུག་ཆེན་པོ་ཞིག་རེད། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐོན་ལས་གལ་ཆེན་དང་རྨང་གཞིའི་སྒྲིག་བཀོད། འཐབ་ཇུས་ཐོན་ཁུངས། ཚན་རྩལ་གལ་ཆེན་སོགས་འགག་རྩའི་ཁྱབ་ཁོངས་ཀྱི་བདེ་འཇགས་ཚོད་འཛིན་ཐུབ་པར་བྱས། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་འདུམ་སེལ་བྱེད་པའི་ལམ་ལུགས་དང་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། བདེ་འཇགས་ཀྱི་གཞི་ཐིག་བརྟན་སྲུང་མཐའ་གཅིག་ཏུ་བྱེད་པ། དེང་རབས་ཅན་གྱི་ལས་དོན་ལ་གོ་སྐབས་མི་ཤོར་བ་དང་འཕེལ་རིམ་གྱི་བར་ཆད་མི་ཡོང་བའི་འགན་ལེན་ཏན་ཏིག་བྱེད་པ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་བྱེད་པའི་ཁྲོད་དུ་རང་ཉིད་ཀྱི་འཕེལ་རྒྱས་དོན་གཉེར་བྱེད་དགོས་པ་མ་ཟད། རང་ཉིད་ཀྱི་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་སྔར་ལས་ལྷག་པར་སྲུང་སྐྱོང་བྱེད་དགོས།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།