མང་ཚོགས་ཀྱི་རེ་འདུན་འཁྱེར་ནས“ཚོགས་ཆེན་གཉིས”ལ་ཞུགས།
2023.01.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ1པའི་ཚེས14ཉིན་གྱི་ཕྱི་དྲོར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཚན་ཆུང་གྲོས་སྡུར་སྟེང་ཞུགས། ཁང་བའི་ཕྱི་རོལ་དུ་གྲང་ངར་ཤིན་ཏུ་ཆེ་ན་འང་། ཁང་བའི་ནང་དུ་གྲོས་བསྡུར་གྱི་རྣམ་པ་ཧ་ཅང་ལེགས་པོ་ཞིག་གིས་ཁེངས་འདུག ཚང་མས་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུར་གྲོས་སྡུར་བྱས།

“ང་རང་སྙན་ཞུའི་ནང་དོན་ལ་ཡོངས་སུ་འཐད་པ་ཡིན། སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་འགན་གཙང་སྒྲུབ་བྱས་ནས་མཚོ་སྔོན་གྱི་ལས་དོན་སོ་སོ་འཕེལ་རྒྱས་འགྲོ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བྱས་ཡོད།”

“སྙན་ཞུའི་གོ་རིམ་ཁ་གསལ་བ་དང་། རིམ་པ་མི་འདྲ་བ་དང་ཟུར་མི་འདྲ་བའི་སྒོ་ནས་མི་དམངས་སྲིད་གྲོས་ཀྱིས་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་ཕུལ་བའི་འབད་བརྩོན་དང་ལེགས་སྐྱེས་མངོན་པར་བྱས་ཡོད།”

“ཨུ་ཡོན་གསར་པ་ཞིག་ཡིན་པའི་ཆ་ནས། རང་ཉིད་ཀྱི་ཕྲག་སྟེང་གི་འགན་འཁུར་དང་འགན་འཁྲི་སྔར་ལས་ཇེ་ལྕི་རུ་ཕྱིན་ཡོད། རྗེས་ཕྱོགས་ཨུ་ཡོན་རྒན་པར་སློབ་སྦྱོང་མང་པོ་བྱས་ནས་རང་འགན་གཙང་སྒྲུབ་ཀྱིས་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་།”

གྲངས་ཉུང་མི་རིགས་དང་ཆོས་ལུགས་ཚན་ཆུང་གཉིས་པའི་གྲོས་སྡུར་ཡུལ་དངོས་སུ་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ནམ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་མི་དམངས་སྨན་ཁང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་ཅཱ་དབྱིན་གྱིས་ཨུ་ཡོན་གཞན་དག་གི་གཏམ་བཤད་ཉན་ཞོར་སྐབས་འགར་འབྲི་དེབ་སྟེང་ཟིན་བྲིས་འགོད་པ་དང་། གདོང་ལ་ང་རྒྱལ་གྱི་རྣམ་པས་ཁེངས་ཤིང་། མིག་ལ་དགའ་བའི་རྣམ་པ་ཞིག་མངོན་བཞིན་སེམས་ནང་གི་བསམ་ཚུལ་དང་མྱོང་ཚུལ་བརྗོད་འདོད་པའི་རྣམ་པ་ཞིག་མངོན་འདུག

དུས་ཚོད་སྐད་ཅིག་ཉིད་ལ་ཕར་འདས་པ་དང་། ཅཱ་དབྱིན་གྱིས་གཏམ་བཤད་མ་གནང་གོང་ཚན་ཆུང་གྲོས་སྡུར་གྱི་ཚོགས་འདུ་གྲོལ་རན་སོང་།

ཟིན་བྲིས་སྟེང་གི་གཏམ་བཤད་ཀྱི་ནང་དོན་ལ་ལྟ་བཞིན་དུ་ཅཱ་དབྱིན་ཅུང་ཉམ་ཆུང་གི་ཚུལ་དུ་བསྡད་འདུག “ང་ནི་ད་ལོར་གསར་དུ་བསྐོ་གཞག་བྱས་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཡིན་པས། ཏང་དང་མི་དམངས་ཀྱིས་ང་ལ་འདི་ལྟ་བུའི་ཆབ་སྲིད་ཀྱི་མཚན་སྙན་གནང་བས། ངས་ཀྱང་དངོས་གནས་ཚང་མར་སེམས་གཏམ་བརྗོད་འདོད”ཟེར།

“ཁྱོད་ཀྱིས་ཅི་ཞིག་བརྗོད་འདོད་དམ།”གསར་འགོད་པས་སྤྲོ་ཉམས་དང་བཅས་ཁོ་མོར་དྲིས་པ་ན།

ཁོ་མོས་བཤད་རྒྱུར། “ང་ཚོ་གཞི་རིམ་གྱི་འཕྲལ་སྡོམ་འཕྲོད་བསྟེན་ཆ་རྐྱེན་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད”ཟེར།

གསར་འགོད་པས“ད་ཐེངས་ཚོགས་ཆེན་གཉིས་ལ་ཞུགས་ཐུབ་པ་བྱུང་བས། ‘གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་དཀའ་ངལ་ཐག་གཅོད་པར’བསམ་འཆར་དང་གྲོས་གཞི་གྲ་སྒྲིག་བྱས་ཡོད་དམ”ཞེས་དྲིས་པར།

ཁོ་མོས“ཡོད”ཟེར།

ཅཱ་དབྱིན་གྱིས་ཟིན་བྲིས་ཁ་ཕྱེས་ནས་གསར་འགོད་པར་ལྟ་རུ་བཅུག“གྲོས་གཞི་དང་པོ་ནི་ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་ཁང་གིས་སྨན་བཅོས་མྱུར་སྐྱོབ་བྱེད་པའི་ཤུགས་ཚད་ཆེ་རུ་གཏོང་བ་དང་། སྨན་ཁང་ནང་དུ་ནད་ཁྲི་ཁ་སྣོན་བྱས་ཏེ། མང་ཚོགས་སྔར་ལས་མང་པོ ‘ཡུལ་ཚོའི’ཕྱིར་འབུད་མི་དགོས་པར་ཞག་སྡོད་བྱེད་ཐུབ་པའི་རེ་བ་བྱེད་བཞིན་ཡོད། ་ གྲོས་གཞི་གཉིས་པ་ནི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་རིམ་གྱི་སྨན་བཅོས་མི་སྣའི་ལག་རྩལ་ཆུ་ཚད་མཐོ་རུ་གཏོང་རྒྱུའི་རེ་བ་ཡོད། ད་དུང་ང་ཚོ་རྫོང་སྨན་ཁང་དུ་སྒྲིག་ཁོངས་སུ་ཡོད་པའི་ལས་བྱེད་མི་སྣ40ལས་མེད་པ་དང་། སྨན་བཅོས་མི་སྣ་དཀོན་པ་དང་། གནས་སྐབས་སུ་མི་སྣ་བསྡུ་དཀའ་བས། གནོན་ཤུགས་ཧ་ཅང་ཆེན་པོ་ཡོད་པ་རེད”ཅེས་བཀོད་ཡོད།

ཚང་མས་ཤེས་གསལ་ལྟར། འབྲི་སྟོད་རྫོང་ནི་ས་ཐག་ཤིན་ཏུ་རིང་བའི་སར་གནས་པ་དང་། ཆ་རྐྱེན་རྗེས་ལུས་ཡིན་ཞིང་། སྨན་བཅོས་མི་སྣ་ཤིན་ཏུ་དཀོན་པས། མང་ཚོགས་ཀྱིས་ནད་ལ་སྟོན་དཀའ་བའི་གནད་དོན་སྔར་བཞིན་གནས་ཡོད་པ་རེད། རྫོང་ཡོངས་སུ་མི་ཁྲི་ལྔ་ཙམ་ཡོད་པ་དང་། རྫོང་སྨན་ཁང་ནི་ས་གནས་དེ་གའི་སྨན་བཅོས་སྒྲིག་གཞི་གཙོ་བོ་ཞིག་ཡིན་ནའང་སྨན་བཅོས་མི་སྣ་བཞི་བཅུ་ལྷག་ལས་མེད་པ་དང་། སྨན་བཅོས་མི་སྣ་དེ་དག་གི་ཁྲོད་ད་དུང་ཁག་ཅིག་སྐོང་འཐེན་བྱས་ནས་ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་ཁང་དང་སྡེ་བ་རིམ་པའི་འཕྲོད་བསྟེན་ཁང་ལ་དབུལ་སྐྱོར་རོགས་སྐྱོར་བྱེད་དུ་འགྲོ་དགོས།

“སྔོན་ཆད་ང་ཚོ་སྨན་ཁང་གི་སྒོ་བསྟེན་ཁང་དུ་ལོ་རེར་མི་སྟོང་བདུན་ཡས་མས་ལ་བརྟག་བཅོས་བྱེད་བཞིན་ཡོད་པ་དང་། ཞག་སྡོད་བྱེད་མཁན་ཡང་མི་སུམ་བརྒྱ་ཡས་མས་ཡོད་པ་རེད། ན་ནིང་། ང་ཚོ་སྒོ་བསྟེན་ཁང་གིས་ནད་པ་ཁྲི་གསུམ་ཡས་མས་ལ་བརྟག་བཅོས་བྱས་པ་དང་། ཞག་སྡོད་བྱེད་མཁན་ཡང་མི་སྟོང་ལྷག་ལ་སླེབས་ཡོད་པ་རེད།”

ཅཱ་དབྱིན་གྱིས་བཤད་རྒྱུར། གལ་ཏེ་ཁོ་མོས་བཏོན་པའི་བསམ་འཆར་དང་གྲོས་གཞི་འདི་དང་ལེན་བྱས་ཚེ། གཞི་རིམ་སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་ཇེ་ལེགས་སུ་གཏོང་ཐུབ་པ་དང་། དེས་ཚད་ངེས་ཅན་ཞིག་གི་སྟེང་ནས་ས་ཐག་རིང་བའི་འབྲོག་ཁུལ་མང་ཚོགས་ཀྱི་ནད་ལ་ལྟ་དཀའ་བའི་གནད་དོན་ཐག་གཅོད་ཐུབ་པ་དང་། ནད་ཆུང་ཆུང་ཡུལ་ཚོ་ནས་གསོ་བཅོས་ཐུབ་པ་དང་། ནད་ཆེན་པོ་རྫོང་ནས་གསོ་བཅོས་ཐུབ་པ་མངོན་འགྱུར་བྱེད་ཐུབ་རྒྱུ་རེད་ཟེར།

ཅཱ་དབྱིན་གྱིས་རེ་བ་ཆེན་པོའི་ངང་ནས་བཤད་རྒྱུར། “རྗེས་ཕྱོགས་ཀྱི་ཉིན་འགའི་ནང་། ངས་རང་ཉིད་ཀྱི་སེམས་གཏམ་དག་བརྗོད་ཐུབ་པར་ཡིད་ཆེས་ཡོད”ཅེས་བཤད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།