ངའི་མིང་ལ་པ་སངས་ཚེ་རིང་ཟེར་ཞིང་། ད་ལོ་ལོ་ཞེ་གསུམ་ཡིན་ལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རིན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ས་ཚིགས་ཀྱི་འགོ་གཙོ་ཡིན།
ཡུས་ཧྲུའུ་རྐྱང་ཤེས་ནགས་རའི་ནགས་ཚལ་སྤྱི་བདེ་མངགས་གཏོང་ཁང་ནས་ཁུལ་ཞིང་ཕྱུགས་ཅུའུ་ནགས་ལས་སྤྱི་བདེ་ཚན་ཁག་དང་། དེ་ནས་ཁུལ་ནགས་ཚལ་སྤྱི་བདེ་ཅུའུ་དང་། ནགས་ལས་ཁོར་ཡུག་སྲུང་སྐྱོབ་ཅུའུ། ནགས་ལས་དང་རྩྭ་ཐང་ཅུའུ་སོགས་སུ་བྱ་བ་སྒྲུབ་པ་ནས་བཟུང་། ང་རང་སྐྱེ་ཁམས་ལ་རྟེན་ཅིང་འབྲེལ་བའི་ལས་སྐལ་ལྡན་པར་གྱུར་བ་དང་། རང་ཉིད་ཀྱི་ལང་ཚོ་དང་རྔུལ་ཆུ་དེ་ཡུས་ཧྲུའུ་ཡི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་བའི་ཐད་ལྷག་བསམ་རྣམ་དག་གིས་ལེགས་སྐྱེས་ཕུལ་ཡོད།
རིན་པོ་ནི་རྨ་འབྲི་རྫ་གསུམ་ཆུ་བོའི་ལྟེ་བའི་ས་ཁོངས་སུ་གནས་པ་དང་། མཚོ་འཕང་མུས་སྟོང་བཞི་ལས་བརྒལ་ཡོད་ལ། “ཉ་རིགས་དང་འདབ་ཆགས་ཀྱི་ཞིང་ཁམས”ཞིག་ཡིན། སྲུང་སྐྱོབ་ཁུལ་དེ1984ལོར་སྐྲུན་པ་དང་། དེ་ནི་ཀྲུང་གོའི་ཁྲུང་ཁྲུང་སྐེ་ནག་དང་དེ་སྐྱེ་འཕེལ་བྱེད་སའི་སྲུང་སྐྱོབ་བྱེད་ཡུལ་གཙོ་བོའི་རང་བྱུང་སྲུང་སྐྱོབ་ཁུལ་ཐོག་མ་ཡིན་པ་དང་། ས་ཁོངས་དེ་རུ་མིག་སྔར་ཁྲུང་ཁྲུང་སྐེ་ནག་དང་བྱ་གླག་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་བྱ་རིགས་ལྔ་ཡོད།
2012ལོར་ང་རང་རང་བྱུང་སྲུང་སྐྱོབ་ཁུལ་དུ་ཡོང་བ་ཡིན། སྐབས་དེར་གནས་འདི“ཐབས་ཆག”ཅེས་པའི་ཡིག་འབྲུ་གཉིས་ཀྱིས་མཚོན་པར་བྱེད་རྒྱུ་ལས་མཚོན་ཐབས་གཞན་མེད། དོ་དམ་ས་ཚིགས་ཧྲིལ་པོའི་ཆེས་བཟང་པོའི་སྒྲིག་ཆས་ནི་དམག་སྤྱོད་རྒྱང་ཤེལ་རྙིང་པ་ཞིག་ཡོད་པ་དེ་རེད། ས་ཚིགས་ཀྱིས་ཉིན་རྒྱུན་གྱི་སྐོར་སྐྱོད་དང་། ཚད་ལེན། རང་བྱུང་ཚན་རིག་ཁྱབ་གདལ་གྱི་སློབ་ཁྲིད། སྐྱེ་དངོས་སྣ་མང་རང་བཞིན་གྱི་བརྟག་དཔྱད་དང་ སྡོད་ཁུལ་གྱིས་མཉམ་དུ་དོ་དམ་བྱེད་པ་སོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་རབ་དང་རིམ་པར་འགན་འཁུར་བཞིན་ཡོད་པས། རྐང་ཐང་ལ་སྐོར་ཞིབ་བྱ་རྒྱུ་དེ་ང་དང་དོ་དམ་ལྟ་སྲུང་རུ་ཁག་གི“རྒྱུན་ལྡན་གྱི་བྱ་བ་ཞིག”ཏུ་གྱུར་ཡོད།
མཚོ་འཕང་མཐོ་བ་དང་། ཆ་རྐྱེན་ཞན་པས། སྐབས་དེར་སྤྱི་ལེ་བཅོ་བརྒྱད་ཀྱི་ཀྱག་ཀྱོག་གི་སྐོར་ཞིབ་ལམ་དེ་རུ་ང་ཚོ་རྒྱུན་དུ་དུས་ཚོད་བཅུ་གཉིས་ཙམ་ལ་འགྲོ་དགོས། བྱ་རིགས་ལ་ལྟ་སྲུང་བྱ་རྒྱུ་དེ་དངོས་གནས་དཀའ་ཚེགས་ཆེ་བ་ཞིག་ཡིན་མོད། འོན་ཀྱང་སྲོག་སྐྱོབ་སྨན་བཅོས་བྱས་པའི་བྱ་རིགས་རང་བྱུང་ཁམས་སུ་ཕྱིར་ལོག་ནས་རང་དབང་གིས་འཕུར་ལྡིང་གི་གར་ལ་རྩེན་པའི་སྐབས་སུ། ཚང་མས་ཡོད་ཚད་ཕུལ་བ་དེ་ལ་རིན་ཐང་ཡོད་པར་འདོད་ཡོད།
ལོ་ངོ་མང་པོའི་རིང་ལ། ང་ཚོས་རྐང་པ་གཉིས་ཀྱིས་རིན་པོ་མཚེའུ་ཡི་ཟུར་རེ་རེ་ལ་གོམ་པས་འཇལ་ནས་སྲུང་སྐྱོབ་ཁུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་བདེན་དཔང་བྱེད་བཞིན་ཡོད། ཉེ་བའི་ལོ་ལྔའི་རིང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སྲིད་ཇུས་སྔར་ལས་མང་པོ་ཡུས་ཧྲུའུ་རུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པ་དང་བསྟུན་ནས་སྲུང་སྐྱོབ་ཁུལ་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ད་ལྟ། སྲུང་སྐྱོབ་ས་ཚིགས་སུ་ཕྱོགས་བསྡུས་ས་ཁམས་ཀྱི་ཆ་འཕྲིན་ཞབས་ཞུའི་སྟེགས་བུ་དང་། བློ་རིག་སྐོར་གཡེང་མ་ལག སྤྱི་སྟེགས་དྲིལ་སྒྲོག་སློབ་གསོ་སོགས་སྨྱན་མང་གཟུགས་ཀྱི་འདྲི་རྟོགས་མ་ལག ས་ཁོངས་ཡོངས་སུ་ཁྱབ་པའི་འཚོ་གནས་ཁུལ་གྱི་བརྙན་རིས་ལྟ་ཞིབ་ཚོད་འཛིན་མ་ལག དངོས་རིགས་ལྟ་ཞིབ་ཚད་ལེན་མ་ལག་སོགས་སྐྲུན་ནས་བརྟན་འཇགས་ཀྱི་ལྟ་ཞིབ་ཚད་ལེན་ས་ཚིགས་ཉེར་གཉིས་བཙུགས་པ་བརྒྱུད་དེ་དུས་ཡུན་རིང་བོ་དང་ཕྱོགས་ཡོངས་ནས་དངོས་རིགས་ལྟ་ཞིབ་ཚད་ལེན་བྱེད་ཆོག་པ་རེད། དོ་དམ་མི་སྣའི་སྒྲིག་ཆས་ཀྱང་སྔར་ལས་ཇེ་ལེགས་སུ་ཕྱིན་ནས་གཅིག་གྱུར་གྱི་གྱོན་ཆས་དང་། རྒྱང་ཤེལ། འཆད་ཆས། གློག་གི་རླངས་འཁོར་སོགས་ཚང་མ་བཀོད་སྒྲིག་བྱས་ཡོད།
ལོ་དེ་དག་གི་ནང་འགྱུར་ལྡོག་བྱུང་བ་ནི་ང་ཚོའི་སྲ་ཆས་ཁོར་ཡུག་ཁོ་ན་མ་ཡིན་པར་དེ་ལས་གཙོ་བོ་ཞིག་ནི་རིན་པོ་ཡི་སྐྱེ་ཁམས་ཁོར་ཡུག་ཡིན་པ་རེད། ང་རང་ཐོག་མར་གནས་འདིར་སླེབས་སྐབས། ཉིན་གཅིག་ལ་སྐོར་གཡེང་བྱས་ཀྱང་རི་སྐྱེས་སྲོག་ཆགས་འགའ་ཡང་མཐོང་མི་ཐུབ། བསྡོམས་རྩིས་བྱས་པར་གཞིགས་ན། ས་ཚིགས་ཐོག་མར་སྐྲུན་སྐབས་ཁྲུང་ཁྲུང་སྐེ་ནག་ཉེར་གཉིས་ལས་མེད་པ་དང་། ད་ལྟ་ལོ་རེར་གནས་སྤར་ནས་གནས་འདིར་སླེབས་བཞིན་པའི་ཁྲུང་ཁྲུང་སྐེ་ནག་གི་གྲངས་ཀ་ཆ་སྙོམས་ཀྱིས་བརྒྱ་དང་བདུན་ཅུ་ཡས་མས་སྲུང་འཛིན་བྱས་ཡོད་པ་དང་། ཁྲུང་ཁྲུང་མགོ་ཁྲ་ཐོག་མར་ཤེས་རྟོགས་བྱུང་སྐབས་སྟོང་གཅིག་ཡོད་པ་ནས་ད་ལྟ་ཁྲི་ལ་སླེབས་པ་དང་། ཝ་མོ་དང་། སྤྱང་ཀི་སོགས་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱང་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད།
མ་འོངས་པར་ངས་མུ་མཐུད་དུ་དོ་དམ་སྲུང་སྐྱོབ་རུ་ཁག་གི་སྣེ་ཁྲིད་དེ་རིན་པོ་བརླན་སར་སྲུང་སྐྱོབ་བཟང་པོ་བྱེད་རྒྱུ་ཡིན་པ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་བྱེད་སའི་མ་ལག་འཛུགས་སྐྲུན་དམ་འཛིན་བྱེད་པར་སྐུལ་འདེད་བཏང་སྟེ། མཐོ་སྒང་གི་གྲང་ངར་ཆེ་བའི་ན་འདམ་གྱི་བརླན་སར་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་ཆུ་ཚད་མཐོར་འདེགས་གཏོང་བ་བཅས་བྱས་ཏེ། རིན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དགའ་འོས་པའི་རྣམ་པ་ཞིག་དུས་ཡུན་རིང་བོར་མངོན་དུ་འཇུག་རྒྱུ་ཡིན།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།