
རང་དཔེ་གཞན་སྟོན་གྱིས་འཐུས་མིའི་འགན་དབང་སྤྱོད་པ་དང་། ནན་ནན་ཏན་ཏན་གྱིས་གཙོ་འགན་ལས་ཀར་དམ་འཛིན་བྱེད།
—ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཧི་ཧྲེང་ཅེ་ལ་བཅར་འདྲི་བྱས་པ།

ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གཏན་ལ་ཕབ་པའི་དམིགས་འབེན་མཐོ་ས་ནས་མགོ་བརྩམས་ཏེ་གོམ་པ་བརྟན་པོའི་ངང་བསྐྱོད་པའི་སྐབས་འདིར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོ་གཟབ་རྒྱས་ངང་འཚོག་པས། དམངས་ཆེན་འཐུས་མི་ཞིག་ཡིན་པའི་ཆ་ནས་ང་ལ་འགན་འཁྲི་གཟི་བརྗིད་ལྡན་པ་དང་འགན་ཁུར་ཧ་ཅང་ལྕི་བའི་ཚོར་སྣང་ཟབ་མོ་ཞིག་སྐྱེས་བྱུང་།
ཚོགས་འདུ་མ་འཚོགས་གོང་། ངས་ཞིབ་དཔྱད་གང་ལེགས་བྱས་ནས་གཞི་རིམ་གྱི་དགོས་མཁོ་རྒྱུས་ལོན་དང་མང་ཚོགས་ཀྱི་རེ་སྒུག་ཁོང་དུ་ཆུད་པར་བྱས་ཏེ་བསམ་འཆར་དང་གྲོས་གཞི་ཁྱེར་ཏེ་ཚོགས་འདུར་ཞུགས་ནས། གཞི་རིམ་གྱི་སྐད་སྒྲ་བརྒྱུད་སྒྲོག་བྱེད་པའི“མགྲིན་ཚབ་པ”ཞིག་ཉན་པར་བརྩོན་ལེན་བྱེད་པ་དང་། ཚོགས་འདུའི་ཁྲོད་ངས་རང་དཔེ་གཞན་སྟོན་དང་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་དང་། ཁྲིམས་ལྟར་འགན་དབང་སོ་སོ་སྤྱད་ནས་ལྷག་བསམ་རྣམ་དག་གིས་འགན་འཁུར“ལག་བསྟར་མཁན”ཞིག་ཏུ་འགྱུར་བར་བརྩོན་ལེན་བྱེད་རྒྱུ་ཡིན། ཚོགས་འདུ་གྲོལ་རྗེས། ངས་ནན་ནན་ཏན་ཏན་གྱིས་ཚོགས་འདུའི་དགོངས་དོན་སྒྲོག་འགྲེལ་ཧུར་ཐག་བྱེད་པ་དང་གཙོ་འགན་ཕྲག་ཏུ་ཁུར་ནས་གཙོ་བོ་ལས་འགན་དམ་འཛིན་ཡག་པོ་བྱེད་པ། སེམས་ཤུགས་གཅིག་སྒྲིལ་གྱིས་དམངས་ཚིས་ལེགས་སྒྱུར་བྱས་ནས་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ“བརྒྱུད་སྒྲོག་མཁན”དང་། རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར“སྐུལ་འདེད་མཁན།”སེམས་ཤུགས་ཡོད་རྒུས་དམངས་ལ་ཞབས་འདེགས་ཞུ་བའི“ལག་ལེན་མཁན”ཞིག་བཅས་བྱ་རྒྱུ་ཡིན་ཟེར།
ལས་གནས་དངོས་ལ་གཞི་ཚུགས་ནས་མཚོ་བྱང་གི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
—ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཀྲིན་ལི་མིན་ལ་བཅར་འདྲི་བྱས་པ།

ང་ནི་མཚོ་བྱང་ཁུལ་མདོ་ལ་རྫོང་ནས་ཡོང་བའི་གཞི་རིམ་གྱི་འཐུས་མི་ཞིག་ཡིན་ལ་ལས་ཡུལ་དང་པོར་འབད་འཐབ་བྱེད་མཁན་གྱི་སློབ་གསོའི་ལས་སྒྲུབ་པ་ཞིག་ཀྱང་ཡིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་། ཏང་གི་ཇུས་ཆེན་ཡིན་པས་སུ་ཞིག་གི་ཆེད་དུ་མི་གསོ་སྐྱོང་བྱེད་པ་དང་མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ། ཇི་ལྟར་བྱས་ཏེ་མི་གསོ་སྐྱོང་བྱེད་པ་བཅས་ནི་ཐོག་མཐའ་བར་གསུམ་དུ་སློབ་གསོའི་རྩ་བའི་གནད་དོན་ཡིན། མི་གསོ་སྐྱོང་བྱེད་པའི་རྩ་བ་ནི་ཀུན་སྤྱོད་ལ་ཐུག་ཡོད། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ནས། སྤྱོད་ཡོན་གཉིས་ལྡན་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པ་ནི་རང་རྒྱལ་གྱིས་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་པར་བསྟན་ཡོད། དེར་བརྟེན་དམངས་ཆེན་འཐུས་མི་ཞིག་ཡིན་པའི་ཆ་ནས་ཚོགས་འདུའི་སྐབས་ངས་རང་ཉིད་ལ་བླང་བྱ་ནན་མོ་འདོན་པ་དང་འགན་འཁུར་ཅི་ནུས་ཀྱིས་སྒྲུབ་པ། ཚོགས་འདུ་གྲོལ་རྗེས་ལས་གནས་ཀྱི་དོན་དངོས་ལ་གཞི་ཚུགས་ནས་རང་གི་ལས་རིགས་ཡག་པོ་སྒྲུབ་ནས་མཚོ་བྱང་གི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།