སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་བསྟན་དོན།“ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཁེ་ལས་པའི་སྙིང་སྟོབས་དར་སྤེལ་གཏོང་བ། འཛམ་གླིང་གི་ཁེ་ལས་རྩེ་གྲ་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པ”བཅས་བྱས་ཏེ། རང་རྒྱལ་གྱི་ཁེ་ལས་བཅོས་སྒྱུར་འཕེལ་རྒྱས་གཏོང་བར་ཁ་ཕྱོགས་དང་དམིགས་འབེན་གསལ་སྟོན་བྱས་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་ནི་འཛམ་གླིང་གི་ཁེ་ལས་རྩེ་གྲ་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པའི་ལམ་ལུགས་ཀྱི་རྨང་གཞི་གལ་ཆེན་ཞིག་ཡིན། འཛམ་གླིང་གི་ཁེ་ལས་རྩེ་གྲ་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་དངོས་ཤུགས་དང་། ཚན་རྩལ་དངོས་ཤུགས། རྒྱལ་སྤྱིའི་འགྲན་རྩོད་ནུས་ཤུགས་བཅས་མཚོན་བྱེད་གལ་ཆེན་ཡིན་ལ། གོ་ལ་ཧྲིལ་པོའི་ཐོན་ལས་འཕེལ་རྒྱས་དང་ལག་རྩལ་གསར་སྐྲུན་ལ་སྣེ་ཁྲིད་བྱེད་པའི་གནད་འགག་གི་སྟོབས་ཤུགས་ཀྱང་ཡིན། གོ་ལ་ཧྲིལ་པོའི་འགྲན་རྩོད་བྱེད་ནུས་ལྡན་པའི་འཛམ་གླིང་གི་ཁེ་ལས་རྩེ་གྲ་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པར་ངེས་པར་དུ་དེ་དང་འཚམ་པའི་ཁེ་ལས་ལམ་ལུགས་ཀྱི་རྨང་གཞི་དང་འགན་སྲུང་བྱེད་དགོས།
དང་པོ། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་ནི་རང་རྒྱལ་གྱི་ཁེ་ལས་བཅོས་སྒྱུར་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་གལ་ཆེན་ཞིག་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་གྱི་ནང་དོན་གལ་ཆེན་ཞིག་ཡིན། བཅོས་སྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱིས་དབང་ཆ་དང་ཁེ་ཕན་སྤྲོད་པ་དང་། དེང་རབས་ཀྱི་ཁེ་ལས་ལམ་ལུགས་འཛུགས་པ། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ལ་ལྟ་སྐུལ་དང་དོ་དམ་བྱེད་པའི་སྒྲིག་སྲོལ་འཚོལ་ཞིབ་བྱེད་པ་སོགས་བཅོས་སྒྱུར་གྱི་རིམ་པ་བརྒྱུད་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞུང་ཁོངས་ཁེ་ལས་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་བྱ་བར་ཚད་མཐོའི་མཐོང་ཆེན་གནང་ནས། ཏང་གིས་གཞུང་ཁོངས་ཁེ་ལས་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དེ་ཆབ་སྲིད་ཀྱི་རྩ་དོན་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། དེང་རབས་ཁེ་ལས་ལམ་ལུགས་འཛུགས་རྒྱུ་ནི་རྒྱལ་ཁབ་ལ་དབང་བའི་ཁེ་ལས་བཅོས་སྒྱུར་བྱེད་པའི་ཁ་ཕྱོགས་ཡིན་པས་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱ་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཀྱི་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ལམ་ལུགས་ནི། “དམིགས་བསལ”ཏེ་ཏང་གི་འགོ་ཁྲིད་ལ་དམིགས་ཡོད་པས། ངེས་པར་དུ་ཏང་གི་འགོ་ཁྲིད་དེ་ཀུང་སི་བཅོས་སྐྱོང་གི་རིམ་པ་སོ་སོར་འདྲེས་པར་བྱས་ཏེ། རྩ་འཛུགས་དོན་འཁྱོལ་དང་ལས་བྱེད་པ་གནས་ལ་སླེབས་པ། འགན་འཁྲི་ཁ་གསལ། ལྟ་སྐུལ་ནན་མོ་བཅས་ཡོང་བར་བྱེད་དགོས། ལམ་ལུགས་ཀྱི་བཀོད་སྒྲིག་དེ་རིགས་ནི་དེང་རབས་ཁེ་ལས་ལམ་ལུགས་ཀྱི་གསར་སྐྲུན་གལ་ཆེན་ཞིག་ཡིན། རྒྱལ་ཁབ་ལ་དབང་བའི་ཁེ་ལས་དང་རྒྱལ་ཁབ་ལ་དབང་བའི་མ་རྐང་ཚོད་འཛིན་གྱི་དབང་བའི་ལམ་ལུགས་བསྲེས་པའི་ཁེ་ལས། དམངས་གཉེར་ཁེ་ལས་སོགས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་བའི་ཐད་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་གསར་སྐྲུན་བྱས་པས་གྲུབ་འབྲས་མངོན་གསལ་ཐོབ་ཡོད། རྒྱལ་དབང་ཁེ་ལས་དང་རྒྱལ་ཁབ་མ་རྐང་ཚོད་འཛིན་མཉམ་བསྲེས་ཀྱི་དབང་བའི་ལམ་ལུགས་ཀྱི་ཁེ་ལས་ནས་བལྟས་ན། ཀུང་སིའི་ལམ་ལུགས་བཅོས་སྒྱུར་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་པ་དང་། “ཏང་འཛུགས་སྐྲུན་གྱི་སྒྲིག་ཡིག་ནང་དུ་བཅུག་པ།” “ཕྱོགས་གཉིས་སུ་འཛུལ་བ། ཕན་ཚུན་འགན་འཁུར་བ།” “ཏང་ཨུའི(ཏང་ཙུའུ)དུས་འགོའི་ཞིབ་འཇུག་གྲོས་བསྡུར་གྱི་གཉེར་སྐྱོང་དོ་དམ་དོན་ཚན་གལ་ཆེན་གྱི་རྩིས་ཐོ་སོགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་རེད། ཀྲུང་དབྱང་ཁེ་ལས་ཀྱི་ཡན་ལག་ཁེ་ལས་ཁྲི་གཅིག་སྟོང་གཉིས་དགུ་བརྒྱ་དང་། ས་གནས་ཀྱི་རིམ་པ་དང་པོའི་ཁེ་ལས་བདུན་བརྒྱ་སོ་བཞི། ས་གནས་ཀྱི་རྒྱལ་དབང་ཁེ་ལས་ཁྲི་གཉིས་དང་སྟོང་དྲུག་སུམ་བརྒྱ་དང་གན་རྒྱ་ཅན་གྱི་དོ་དམ་ཕྱོགས་ཡོངས་ནས་ཁྱབ་གདལ་དུ་བཏང་སྟེ། ཀྲུང་དབྱང་དང་ས་གནས་ཀྱི་རིམ་པ་སོ་སོའི་ཁེ་ལས་ཀྱི་ཡོངས་འགྲུབ་བསྡུར་ཚད99.9%ཟིན་ཡོད། ཁྲོམ་ར་ཅན་གྱི་ལས་མི་བཀོལ་སྤྱོད་ལམ་སྲོལ་ལ་སྐུལ་འདེད་ཟབ་མོ་བྱས་ནས། ཡོངས་བསྒྲགས་གདན་ཞུའི་མི་སྣས་གསར་དུ་ཞུགས་པའི་ལས་བཟོའི་བསྡོམས་འབོར་ནང་བཟུང་བའི་བསྡུར་གྲངས99.7%ཡན་ཟིན་པ་དང་། ལས་བཟོ་ཡོངས་ཀྱི་ལས་འབྲས་དཔྱད་ཞིབ་ཁེ་ལས་ཀྱིས་བཟུང་བའི་བསྡུར་གྲངས99.7%ཟིན་ཡོད།
གཉིས་པ། འཛམ་གླིང་གི་རྩེར་སོན་ཁེ་ལས་འཛུགས་སྐྲུན་གང་མགྱོགས་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་བའི་དམིགས་འབེན་གྱི་གྲུབ་འབྲས་རེད། མིག་སྔར། རང་རྒྱལ་གྱི་ལས་རིགས་ཁག་གཅིག་གི་སྣེ་འདྲེན་ཁེ་ལས་འཕེལ་རྒྱས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས་འཛམ་གླིང་སྟེང་ཁེ་ལས་རྩེ་གྲར་འཛུགས་སྐྲུན་བྱེད་པའི་ཆ་རྐྱེན་བཟང་པོ་ལྡན་ཡོད། འོན་ཀྱང་གནས་པའི་གནད་དོན་ཡང་མངོན་གསལ་ཡིན། དཔེར་ན། གཉེར་སྐྱོང་གི་ལས་ཕྱོད་དང་གསར་སྐྲུན་གྱི་ནུས་པ། རྒྱལ་སྤྱིའི་འགྲན་རྩོད་ནུས་པ། མིང་གྲགས་ཐོན་རྫས་ཀྱི་ཤུགས་རྐྱེན་སོགས་ཁེ་ལས་ཀྱི་མཉེན་ཤུགས་ཆེ་རུ་གཏོང་དགོས་པ་དང་ཇེ་ལེགས་སུ་གཏོང་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་ཀྱི་བླང་བྱར་བརྩི་སྲུང་བྱས་ཏེ། ཚོད་འཛིན་ནུས་ལྡན་གྱི་དེང་རབས་ཁེ་ལས་བཅོས་སྐྱོང་རྐྱེན་སྲོལ་དང་། བབ་བསྟུན་ནུས་མཐོའི་དེང་རབས་ཀྱི་ཁེ་ལས་གཉེར་སྐྱོང་རྐྱེན་སྲོལ། ཕན་ཚུན་མཐུན་ཐབས་ཡོང་བར་སྐུལ་མ་གཏོང་བའི་དེང་རབས་ཀྱི་ཁེ་ལས་ལ་སྐུལ་མ་གཏོང་བའི་རྐྱེན་སྲོལ། ལྟ་སྐུལ་འོས་འཚམ་བྱེད་པའི་དེང་རབས་ཀྱི་ཁེ་ལས་ལ་ལྟ་སྐུལ་དོ་དམ་བྱེད་པའི་རྐྱེན་སྲོལ་སོགས་ཀྱི་ལམ་ལུགས་མ་ལག་ཆགས་པར་བྱས་ནས། རང་རྒྱལ་གྱི་ཁེ་ལས་འཛམ་གླིང་ཐོག་ཁེ་ལས་རྩེ་གྲའི་ཕྱོགས་སུ་བསྐྱོད་པར་འགན་སྲུང་དང་མངོན་འགྱུར་བྱ་དགོས།
གསུམ་པ། འཛམ་གླིང་གི་ཁེ་ལས་རྩེ་གྲ་འཛུགས་སྐྲུན་གང་མགྱོགས་བྱེད་པར་ལམ་ལུགས་ཀྱི་འགན་སྲུང་ལ་གཞི་ཚུགས་པ་དང་ཕྱོགས་མང་པོའི་ཐད་ནས་ཤུགས་རྒྱག་དགོས། ཁེ་ལས་དར་ན་རྒྱལ་ཁབ་དར། ཁེ་ལས་སྟོབས་ཆེར་གྱུར་ན་རྒྱལ་ཁབ་སྟོབས་ཆེར་འགྱུར། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཐོན་རྫས་ཕུལ་བྱུང་དང་ཚོང་རྟགས་ཕུལ་བྱུང་། གསར་གཏོད་སྔོན་ཐོན། བཅོས་སྐྱོང་དེང་རབས་ཀྱི་འཛམ་གླིང་གི་རྩེར་སོན་ཁེ་ལས་ཁག་ཅིག་གསོ་སྐྱོང་ཧུར་ཐག་བྱ་དགོས། གཅིག་ནི་ལག་རྩལ་འཕོ་འགྱུར་གྱི་གསར་གཏོད་ནུས་པ་མཐོ་རུ་གཏོང་དགོས། གསར་གཏོད་ཀྱི་སྲོག་ཤིང་གོ་གནས་རྒྱུན་འཁྱོངས་དང་། ཁེ་ལས་ཀྱིས་ལས་རིགས་ཀྱི་གནད་འགག་ཁྱབ་ཁོངས་དང་ལྟེ་བའི་ལག་རྩལ་ལ་དམིགས་པར་སྐུལ་མ་དང་རྒྱབ་སྐྱོར་བྱས་ཏེ། ཐོན་ལས་འབྲེལ་ཐག་གི་སྲོག་ཤིང་རིམ་པ་དང་འགག་རྩའི་ཁྱབ་ཁོངས་ཀྱི་ཚོད་འཛིན་ནུས་པ་ཆེ་རུ་གཏོང་དགོས། གཉིས་ནས་ཁེ་ལས་ཀྱི་གོ་ལ་ཧྲིལ་པོའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། གོ་ལ་ཧྲིལ་པོར་ཕྱོགས་པའི་ཐོན་ཁུངས་བཀོད་སྒྲིག་དང་སྡེབ་སྒྲིག་བྱེད་ནུས་ཆེ་རུ་གཏོང་བ་དང་། མ་རྩ་དང་ཐོན་ཁུངས། ལག་རྩལ། ཤེས་ལྡན་མི་སྣ་སོགས་རིགས་སོ་སོའི་རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་འཛམ་གླིང་ཧྲིལ་པོ་ཅན་དུ་བཀོད་སྒྲིག་བྱེད་པ་མངོན་འགྱུར་ཡོང་བར་བྱས་ཏེ། གོ་ལ་ཧྲིལ་པོའི་ཐོན་ལས་འབྲེལ་ཐག་དང་། མཁོ་སྤྲོད་འབྲེལ་ཐག རིན་ཐང་འབྲེལ་ཐག་བཅས་ལ་གཙོ་ཁྲིད་བྱེད་པའི“འབྲེལ་ཐག་གི་ཁེ་ལས་ཁག་ཅིག་ཆགས་པར་བྱ་དགོས། གསུམ་ནས་རང་ལ་ཡིད་ཆེས་དང་འགན་འཁུར་གྱི་ཤུགས་རྐྱེན་ཆེ་རུ་གཏོང་དགོས། ཁེ་ལས་རྒྱལ་སྤྱི་ཅན་དུ་འགྱུར་བའི་ཚོང་གཉེར་བྱེད་པར་སྐུལ་འདེད་བཏང་ནས། འཛམ་གླིང་གི་མདུན་གྲལ་དུ་སླེབས་པའི་ཀྲུང་གོའི་མ་འཇོག་རྒྱལ་ཁོངས་ལས་བརྒལ་བའི་ཁེ་ལས་སྔར་ལས་མང་པོ་ཆགས་པར་བྱེད་པ་དང་། རྒྱལ་སྤྱིའི་ཚད་གཞི་གཏན་འབེབས་ཐད་ཟབ་ཞུགས་བྱེད་པར་སྐུལ་མ་བྱ་དགོས། བཞི་ནི་ཕུལ་བྱུང་ཁེ་ལས་པའི་སྣེ་ཁྲིད་ནུས་པ་མཐོར་འདེགས་སུ་གཏོང་དགོས། གོ་ལ་ཧྲིལ་པོར་མཐོང་རྒྱ་ཆེ་བའི་ཁེ་ལས་པ་གསོ་སྐྱོང་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ནས། ནུས་ཤུགས་ཡོད་དགུས་ཁེ་ལས་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཁེ་ལས་པར་དྲང་ཕྱོགས་ནས་སྐུལ་མ་གཏོང་བའི་ཕྱོགས་སྟོན་འཛུགས་པ། ཁེ་ལས་པ་གསར་གཏོད་འཕེལ་རྒྱས་གཏོང་བའི་སྟོབས་གསར་དམག་དཔུང་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱ་དགོས།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།