སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་ “རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཅན་གྱི་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་བ་དང་། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་འཛུགས་སྐྲུན་བྱེད་དགོས་”ཞེས་བསྟན་ཡོད། རྣམ་བཤད་གལ་ཆེན་འདིས་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པ་དང་། ཁྲོམ་རའི་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བར་བཅོས་སྒྱུར་གྱི་ཁ་ཕྱོགས་དང་དམིགས་འབེན་གསལ་སྟོན་བྱས་ཡོད། རྒྱུ་རྐྱེན་གཙོ་བོའི་ཁྲོམ་ར་ཅན་གྱི་བཅོས་སྒྱུར་ཟབ་སྤེལ་དང་། རྒྱུ་རྐྱེན་གཙོ་བོའི་ཁྲོམ་རའི་མ་ལག་འཐུས་ཚང་དུ་གཏོང་བ། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་འཛུགས་སྐྲུན་བྱེད་པའི་ལམ་ལུགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་ནི་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པའི་ནང་གནས་ཀྱི་དགོས་མཁོ་དང་གྲུབ་ཆ་གལ་ཆེན་ཞིག་རེད།
དང་པོ། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་འཛུགས་སྐྲུན་བྱེད་རྒྱུ་ནི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བ་དང་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་སྐྲུན་བྱེད་པའི་རྨང་གཞི་དང་འདེགས་སྐྱོར་གལ་ཆེན་ཞིག་ཡིན། དེང་སྐབས་ཀྱི་འཛམ་གླིང་དུ་ཁྲོམ་ར་ནི་ཆེས་དཀོན་པའི་ཐོན་ཁུངས་ཞིག་རེད། གཅིག་གྱུར་སྒོ་འབྱེད་དང་། འགྲན་རྩོད་གོ་རིམ་ལྡན་པ། ལམ་ལུགས་འཐུས་ཚང་། བཅོས་སྐྱོང་ལེགས་བཅོས་བཅས་ཀྱི་ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་ཅིག་འཛུགས་རྒྱུ་ནི་རང་རྒྱལ་གྱི་གཞི་ཁྱོན་ཤིན་ཏུ་ཆེ་བའི་ཁྲོམ་རའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པའི་དངོས་ཡོད་ཀྱི་དགོས་མཁོ་དང་ལྡོག་མེད་ཀྱི་གདམ་ག་ཞིག་རེད། གཅིག་ནི་ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་འཛུགས་རྒྱུ་ནི་འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་འཛུགས་པའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་འཛུགས་སྐྲུན་དང་། ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་དུ་འགྱུར་བའི་བཀོད་སྒྲིག་དང་ཚོང་ཟོག་ཞབས་ཞུའི་འཁོར་རྒྱུག་ལ་འགོག་རྐྱེན་བཟོ་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་སེལ་བ། ཁྲོམ་རའི་འཁོར་རྒྱུག་ཤར་གཏོང་དང་། འགག་གནད་ཤར་གཏོང་བཅས་བྱས་ཚེ། རྒྱལ་ཁབ་ཆེན་པོའི་དཔལ་འབྱོར་གཞི་ཁྱོན་གྱི་ཕན་འབྲས་དང་གཅིག་སྡུད་ཀྱི་ཕན་འབྲས་འདོན་སྤེལ་གང་ལེགས་བྱས་ནས་ཐོན་སྐྱེད་དང་། བགོ་བཤའ། ཤར་གཏོང་། འཛད་སྤྱོད་བཅས་ཀྱི་ལྷུ་ལག་སོ་སོར་ཁྱབ་ཐུབ་པར་བྱས་པ་དང་། རྒྱལ་ནང་གི་མཁོ་སྤྲོད་ནུས་ལྡན་ངང་འབྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་སྟེ། རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་དང་ཕུན་སུམ་ཚོགས་པའི་མཁོ་སྤྲོད་ནུས་པ་ཆགས་པར་བྱས་ནས་རྒྱལ་ནང་གི་འཁོར་རྒྱུག་ཆེན་མོ་ཤར་གཏོང་བྱས་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ལ་སྐུལ་འདེད་གཏོང་དགོས། གཉིས་ནི་ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་འཛུགས་སྐྲུན་བྱེད་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་སྤུས་ཚད་འཕོ་འགྱུར་དང་། ལས་ཕྱོད་འཕོ་འགྱུར། སྒུལ་ནུས་འཕོ་འགྱུར་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་སྟེ། ཁྲོམ་རའི་མ་ལག་གི་རྨང་གཞིའི་ལམ་ལུགས་དང་། འཁོར་སྐྱོད་ཕན་འབྲས། སྒོ་འབྱེད་ཀྱི་ཚད། ལྟ་སྐུལ་དོ་དམ་སྒྲིག་སྲོལ་སོགས་ཚང་མ་དེ་དང་འཚམ་མཐུན་ཡོང་བ་བྱས་ནས་དཔལ་འབྱོར་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་དགོས་པ་མ་ཟད། འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། གསུམ་ནི་ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་འཛུགས་རྒྱུ་ནི་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པའི་རྨང་གཞི་གལ་ཆེན་ཞིག་ཡིན། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་འཛུགས་སྐྲུན་བྱེད་ན་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོ་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་། ཚད་གཞི་མཐོ་བའི་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་གྱི་ཚོང་གཉེར་ཁོར་ཡུག་ཆགས་པར་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱི་བརྗེ་རེས་མ་རྩ་ཇེ་དམའ་རུ་བཏང་ནས་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།
གཉིས་པ། དེང་སྐབས་རང་རྒྱལ་གྱིས་ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་འཛུགས་སྐྲུན་བྱེད་པའི་ཐད་གནས་པའི་གནད་དོན་དང་བར་ཁྱད་ལ་ངོས་འཛིན་ཡང་དག་པ་བྱེད་དགོས། བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ། རང་རྒྱལ་གྱི་ཁྲོམ་རའི་མ་ལག་འཛུགས་སྐྲུན་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་མོད། འོན་ཀྱང་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པའི་དམིགས་འབེན་བླང་བྱ་དང་བསྡུར་ན། ཁྲོམ་རའི་མ་ལག་འཛུགས་སྐྲུན་ཐད་སྔར་བཞིན་ཞན་ཆ་འགའ་ཤས་གནས་ཡོད་པས། ངེས་པར་དུ་གང་མགྱོགས་ཀྱིས་ཁ་གསབ་བྱེད་དགོས། གཅིག་ནས་ཁྲོམ་རའི་མ་ལག་གི་རྨང་གཞིའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་དགོས། ཐོན་དབང་དང་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཁྲོམ་རར་ཞུགས་ཆོག་པའི་ལམ་ལུགས་ཀྱི་གཅིག་གྱུར་རང་བཞིན་དང་། གཟབ་ནན་རང་བཞིན། དབང་གྲགས་རང་བཞིན་ཇེ་ཆེར་བཏང་ནས་འགྲན་རྩོད་འདྲ་མཉམ་ལམ་ལུགས་ཀྱི་འགྱུར་མེད་གཅུན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། སྤྱི་ཚོགས་ཀྱི་ཡིད་རྟོན་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་དགོས། གཉིས་ནི་རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་དུ་འགྱུར་བའི་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་དགོས། ཚན་རིག་དང་མཐུན་པར་ནན་ཏན་གྱིས་ས་གཞིའི་སྲུང་སྐྱོབ་བྱེད་པ་དང་ཕན་འབྲས་མཐོ་ཞིང་ལུགས་མཐུན་གྱིས་བེད་སྤྱོད་བྱེད་པའི་དབྱེ་མཚམས་སྔར་ལས་གསལ་པོ་འབྱེད་དགོས་པ་དང་། དངུལ་ལོར་གྱིས་དངོས་ཕུང་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་བ་དང་། འབྲེལ་ཡོད་གཞི་གྲངས་ཀྱི་ཐོན་དབང་དང་། འཁོར་རྒྱུག་ཉོ་ཚོང་། ཡོང་སྒོ་བགོ་བཤའ། བདེ་འཇགས་བཅོས་སྐྱོང་སོགས་ཁྱབ་ཁོངས་ཀྱི་ལམ་ལུགས་དང་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས། གསུམ་ནི་ཁྲོམ་རའི་ཁོར་ཡུག་དང་སྤུས་ཚད་སྔར་ལས་ཇེ་ལེགས་སུ་གཏོང་དགོས། ས་གནས་ཁག་གཅིག་གི་ཁྲོམ་ར་ཁག་བགོས་དང་ས་གནས་སྲུང་སྐྱོབ་སྲིད་ཇུས་ཀྱིས་ཚོང་ཟོག་དང་རྒྱུ་རྐྱེན་གཙོ་བོ་རང་མོས་ངང་འཁོར་སྐྱོད་བྱེད་རྒྱུར་འགོག་རྐྱེན་བཟོ་བ་དང་། ཁྲོམ་རའི་རྨང་གཞིའི་སྒྲིག་བཀོད་ཀྱི“འབྲེལ་མཐུད་སྲ་མོ”དང་། ཆ་འཕྲིན། ཚད་གཞི་སོགས“འབྲེལ་མཐུད་མཉེན་པོ”མི་འདང་བས། ཁྲོམ་རའི་འཁོར་རྒྱུག་གི་ཕན་འབྲས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད། བཞི་ནི་ལྟ་སྐུལ་དོ་དམ་གྱི་ཕན་ནུས་སྔར་ལས་མཐོར་འདེགས་སུ་གཏོང་དགོས། ཁྱབ་ཁོངས་དང་ས་ཁུལ་ཁ་ཤས་སུ་སྔར་བཞིན་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་མི་བྱེད་པ་དང་། ལྟ་སྐུལ་དོ་དམ་གྱི་ལམ་ལུགས་འཐུས་ཚང་མིན་པ། ལྟ་སྐུལ་དོ་དམ་གྱི་ནུས་པ་མི་འདང་བ་བཅས་ཀྱི་གནད་དོན་གནས་ཡོད།
གསུམ་པ། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་འཛུགས་སྐྲུན་བྱེད་པའི་གཙོ་གནད་ལས་འགན་ལ་ངོས་འཛིན་གསལ་པོ་བྱེད་དགོས། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་འཛུགས་སྐྲུན་བྱ་རྒྱུ་ནི་མ་ལག་ལྡན་པའི་བཟོ་སྐྲུན་ཞིག་ཡིན་ཞིང་། ཕྱོགས་མང་པོར་འབྲེལ་བ་ཡོད་པས། དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ལས་ཀའི་གནད་ཁོང་དུ་དམ་པོར་ཆུད་དགོས། གཅིག་ནས་ཁྲོམ་རའི་མ་ལག་གི་རྨང་གཞིའི་ལམ་ལུགས་རྒྱུན་མི་ཆད་པར་ཇེ་བརྟན་དུ་གཏོང་དགོས། ཐོན་དབང་སྲུང་སྐྱོབ་ལམ་ལུགས་ཕྱོགས་ཡོངས་ནས་འཐུས་ཚང་དུ་བཏང་སྟེ། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་ཁེ་ལས་ཀྱི་ཐོན་དབང་ཁྲིམས་ལྟར་དང་། འདྲ་མཉམ། ཕྱོགས་ཡོངས་ནས་སྲུང་སྐྱོབ་བྱེད་དགོས་པ་དང་། ཐོན་དབང་དང་འབྲེལ་བ་ཡོད་པའི་མ་ཉེས་ཁག་གཡོགས་ཀྱི་གྱོད་གཞི་ནོར་འཁྲུལ་ཅན་ལ་ཁྲིམས་ལྟར་ཤན་འབྱེད་ཡོ་བསྲང་བྱ་རྒྱུའི་རྒྱུན་རྣམ་ཅན་དང་ལམ་སྲོལ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། “རྒྱལ་ཡོངས་སུ་རྩིས་ཐོ་གཅིག”གི་དོ་དམ་བྱེད་སྟངས་ནན་ཏན་གྱིས་དོན་འཁྱོལ་བྱེད་དགོས། འདྲ་མཉམ་སྒོས་འགྲན་རྩོད་བྱེད་པའི་འགྱུར་མེད་གཅུན་སྡོམ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས་པ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ཕྱོགས་གསུམ་པའི་དཔྱད་འཇོག་ལམ་ལུགས་འཛུགས་པར་སྐུལ་འདེད་གཏོང་དགོས། གཉིས་ནི་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་ཕན་ནུས་ལྡན་པའི་སྒོ་ནས་བགོ་སྒྲིག་བྱེད་པར་སྐུལ་འདེད་ཟབ་མོ་གཏོང་དགོས། ས་ཞིང་དོ་དམ་ལམ་ལུགས་བཅོས་སྒྱུར་ཟབ་མོ་བྱེད་པ་དང་ས་ཞིང་བཀོལ་སྤྱོད་འཆར་གཞིའི་དོ་དམ་དང་རྗེས་སྙེག་དཔྱད་འཇོག་ལ་ཤུགས་སྣོན་པ། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་ཁྲོམ་ར་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། མ་རྐང་འཛིན་ཤོག་འགྲེམས་སྤེལ་ཐོ་འགོད་ལམ་ལུགས་ཀྱི་བཅོས་སྒྱུར་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་ཁྲོམ་ར་ནས་ཕྱིར་འཐེན་བྱེད་པའི་ལམ་སྲོལ་འཛུགས་དགོས། ལས་ཐོག་གི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་མ་གཏོང་བའི་སྲིད་ཇུས་དང་ལས་ཐོག་གི་གསར་གཏོད་གྲུབ་འབྲས་ཁེ་དབང་མཉམ་སྤྱོད་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གཞི་གྲངས་ཐོན་ཁུངས་ཐོན་དབང་དང་། བརྗེ་རེས་འཁོར་སྐྱོད། ལས་རིགས་བརྒལ་ནས་བརྒྱུད་སྤེལ། བདེ་འཇགས་སྲུང་སྐྱོབ་སོགས་ཀྱི་རྨང་གཞིའི་ལམ་ལུགས་དང་ཚད་གཞི་ཚད་ལྡན་དུ་གཏོང་དགོས། གསུམ་ནི་ཁྲོམ་རའི་ཁོར་ཡུག་དང་སྤུས་ཚད་ལེགས་བཅོས་བྱེད་པ་ཇེ་མགྱོགས་སུ་གཏོང་དགོས། ས་གནས་སྲུང་སྐྱོབ་དང་ས་ཁོངས་ཀྱི་བཀག་རྒྱ་སེལ་བ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བྱེད་པར་ཐེ་གཏོགས་བྱེད་པའི་མི་ལེགས་པའི་གནད་དོན་གྱི་རྩིས་ཐོ་བཟོ་བ་དང་། ས་གནས་སྲུང་སྐྱོབ་དང་། ཁྲོམ་ར་བགོ་བ། གནས་གཏན་འཁེལ་བརྗེ་རེས་སོགས་ཀྱི་གཏན་འབེབས་དང་བྱེད་སྟངས་གཙང་བཤེར་དང་མེད་པར་བཟོ་དགོས། ཆུ་ཚད་མཐོ་བའི་ཚོང་ཟོག་དང་ཞབས་ཞུའི་ཁྲོམ་ར་འཛུགས་པ་དང་། ཁྲོམ་རའི་ཚད་གཞི་མཐོན་པོ་དང་འབྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་དགོས། བཞི་ནས་ལྟ་སྐུལ་དོ་དམ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། ཕྱོགས་བསྡུས་ཀྱིས་ལྟ་སྐུལ་དོ་དམ་བྱེད་པར་སྐུལ་འདེད་དང་།“སྐབས་བསྟུན་གཉིས་དང་། ཡོངས་བསྒྲགས་གཅིག”གི་ལྟ་སྐུལ་དོ་དམ་དང་། ཡིད་རྟོན་ལྟ་སྐུལ་དོ་དམ།“དྲ་སྦྲེལ་་དང་ལྟ་སྐུལ་དོ་དམ”སྡེ་ཁག་བརྒལ་ནས་མཉམ་དུ་ལྟ་སྐུལ་དོ་དམ་བྱེད་པ་སོགས་ཀྱི་བྱེད་སྟངས་འཐུས་ཚང་དུ་བཏང་ནས། ལྟ་སྐུལ་དོ་དམ་སྣ་ཚོགས་འབྲེལ་མཐུད་དང་གཞོགས་འདེགས་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། གཞི་གྲངས་ཆེན་མོ་སོགས་ཀྱི་ལག་རྩལ་བྱེད་ཐབས་བེད་སྤྱོད་གང་ལེགས་བྱས་ཏེ། རིག་ནུས་ལ་ལྟ་སྐུལ་དོ་དམ་བྱེད་པར་སྐུལ་འདེད་གཏོང་ཤུགས་ཇེ་མགྱོགས་སུ་གཏོང་དགོས།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།