མཚོ་སྔོན་དུ་མི་རིགས་ལས་དོན་མ་བསྒྲུབས་ཚེ་ཕྱོགས་ཡོངས་ལ་བསམ་བློ་གཏོང་མི་ཐུབ། ཞིང་ཆེན་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱིས་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོབ་བྱ་རྒྱུ་དེ་མི་རིགས་ཁག་གི་ཆེས་མཐོ་བའི་ཁེ་ཕན་ལ་བརྩི་བ་རྒྱུན་འཁྱོངས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ་ནི་མཚོ་སྔོན་གྱི་ལས་དོན་བཟང་བོར་སྒྲུབ་པའི་ལས་འགན་གལ་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་ཁག་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ནས། སྐྱོད་ལམ་གསར་པའི་ཐོག་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པའི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
མཚོ་སྔོན་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་བདེ་སྡུག་མཉམ་མྱོང་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ལ་མཉམ་དུ་སྐུལ་འདེད་བཏང་ཡོད། མི་རིགས་ཁག་གི་མི་དམངས་ཀྱིས་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་གོང་བུར་འགྲིལ་ཤུགས་དང་ཐུན་མོང་མ་ཡིན་པའི་གསར་གཏོད་བྱེད་ནུས་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཡིན། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ན། ངེས་པར་དུ་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོའི་སྟོབས་ཤུགས་གོང་བུར་གཅིག་ཏུ་འགྲིལ་བར་བྱ་དགོས། སྐྱོད་ལམ་གསར་པར་བསྐྱོད་པ་དང་། མི་རིགས་ཁག་གིས་ཀྲུང་ཧྭ་མི་རིགས་ལ་རང་རྟོགས་ངང་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཆེ་རུ་བཏང་ཚེ། གཞི་ནས་ མཉམ་དུ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོབ་བཟང་བོ་བྱེད་ཐུབ་པ་དང་། མི་རིགས་ཁག་གི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་གཏོང་ཐུབ། ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ ཚོགས་པའི་འདུ་ཤེས་ཀྱི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་“རྩ་གནད་”བརྟན་པོར་འཛུགས་པ་དང་། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་དང་དཔལ་འབྱོར་གོང་འཕེལ། སྤྱི་ཚོགས་ཡར་ཐོན་བཅས་གཅིག་གྱུར་འཆར་འགོད་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་གཏིང་ཟབ་ཏུ་གཏོང་བ། མི་རིགས་ཁག་སེ་འབྲུ་དང་འདྲ་བར་དམ་པོར་སྦྲེལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་ཚད་མཐོན་པོའི་སྒོ་ནས་གོང་བུར་འགྲིལ་བར་བྱ་དགོས།
མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་དེ་ཡག་པོར་བསྲུངས་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོར་མུ་མཐུད་ཤུགས་སྣོན་རྒྱག་དགོས། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་མཉམ་དུ་སྲུང་སྐྱོབ་དང་རྒྱུན་འཛིན་ཡག་པོ་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་བཟོ་འགོད་ལག་བསྟར་ཡག་པོ་བྱེད་པ།《ཀྲུང་ཧྭ་མི་རིགས་བར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཀྱི་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་ཕྱོགས་བསྒྲིགས·མཚོ་སྔོན་ཕྱོགས་བསྒྲིགས》རྩོམ་སྒྲིག་བྱེད་པ་དང་།《དེང་རབས་རྒྱ་ཡིག་ཚིག་མཛོད》ཀྱི་རྒྱ་བོད་ཤན་སྦྱར་ནང་དོན་ཆ་ཚང་རྩོམ་སྒྱུར་ལེགས་སྒྲུབ་བཅས་བྱེད་དགོས། མི་རིགས་ཁག་བར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་། “བཅུ་འཕེལ”གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་བ། མི་རིགས་ཁག་བར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཀྱི་བྱ་སྤྱོད་ཁག་བཅུ་ལག་བསྟར་བྱེད་པ་དང་། ཟི་ལིང་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་དཔེ་སྟོན་གྲོང་ཁྱེར་གཏོད་རྒྱུར་རྒྱབ་སྐྱོར་བྱེད་དགོས་ལ། དཔེ་མཚོན་ཉམས་མྱོང་ཁྱབ་གདལ་གཏོང་བ་དང་། ཁྱད་ལྡན་སྤུས་རྟགས་སྐྱེད་སྲིང་བྱེད་པ་བཅས་བྱས་ཏེ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་དཔེ་སྟོན་ཚན་པ་ཁག་གཅིག་སླར་ཡང་གཏོད་དགོས། མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་ལ་སྐུལ་འདེད་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། “མི་རིགས་མཐུན་སྒྲིལ”མཉམ་འདྲེས་འཕེལ་རྒྱས་བྱ་སྤྱོད་གསར་གཏོད་དང་སྐུལ་འདེད་གཏོང་བ། གྲངས་ཉུང་མི་རིགས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པའི་རྣམ་གྲངས་ལག་བསྟར་ཇེ་མགྱོགས་སུ་གཏོང་བ། མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་འབྲེལ་མཚམས་ས་ཁུལ་གྱི་དུས་བདེ་དང་དར་རྒྱས་གཏོང་བའི་བཟོ་འགོད་ཇེ་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱ་དགོས།
མཐུན་སྒྲིལ་ནི་དཀའ་ངལ་ལས་རྣམ་པར་རྒྱལ་བ་དང་རླབས་ཆེན་གྱི་བྱ་གཞག་འགྲུབ་པར་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་མི་རིགས་གཅིག་ཀྱང་མེད་མི་རུང་། ང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཏང་གི་དར་ཆའི་འོག“སྲ་ཞིང་བརྟན་པའི་ངར་ལྕགས་ལྟ་བུར”འགྱུར་བར་བྱས་ནས། བློ་གཅིག་སེམས་གཅིག་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ཡག་པོ་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་བ་ཞིག་རྩོམ་ཆེད་འབད་འཐབ་བྱེད་དགོས།།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།