སེམས་ཤུགས་གཅིག་སྒྲིལ་གྱིས་འགན་འཁྲི་ཕྲག་ཏུ་འཁུར་ནས་མུ་མཐུད་འབད་འཐབ་བྱས་ཏེ་འགོ་གསར་བ་ཚུགས་དགོས།
2023.02.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

--ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཟིལ་རླབས་དགུང་དུ་འཕྱུར་ཞིང་། འབད་འཐབ་ཀྱི་གོམ་སྟབས་ལ་དུས་ནམ་ཡང་འཇགས་པ་མེད། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱིས་བསམ་བློའི་ཐུན་མོང་གི་ངོས་ཟིན་གཅིག་ཏུ་བསྡུས་ནས་འབད་འབུངས་ཡར་བརྩོན་གྱི་བརྗིད་ཆེའི་སྟོབས་ཤུགས་འཕེལ་བར་བྱས་ཡོད། 《སྲིད་གཞུང་བྱ་བའི་སྙན་ཞུའི》ནང་མ་འོངས་པའི་ལོ་ལྔ་ནི་སྤྱི་ཚོགས་རིང་ལུགས་ཀྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་དུས་སྐབས་གལ་ཆེན་ཞིག་རེད། ང་ཚོས་ཏང་གི་དར་ཆའི་འོག་སྟོབས་ཤུགས་གཅིག་བསྡུས་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་གསར་སྐྲུན་སྒོ་འབྱེད་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ། གོམ་པ་བརྟན་པོས་དུས་རབས་གསར་པར་སྐྱོད་པ་དང་སྐྱོད་ལམ་གསར་བར་འབད་པས་སྐྱོད་དགོས།

སེམས་ཤུགས་གཅིག་སྒྲིལ་གྱིས་འགན་འཁྲི་འཁུར་བ་དང་མུ་མཐུད་འབད་འཐབ་བྱས་ནས་འགོ་གསར་པ་ཚུགས་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་ཟབ་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་ལ་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་ཐོག་གཏན་འཁེལ་གནང་བའི་དམིགས་འབེན་ལས་འགན་མཚོ་སྔོན་གྱི་ས་གཞི་ཆེན་མོའི་སྟེང་འབྲི་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཏང་གི་ལྟེ་བའི་ལས་འགན་འདི་ཁོང་དུ་བརྟན་པོར་ཆུད་དགོས་ན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་བྱ་བ་སོ་སོའི་ཁྲོད་དོན་འཁྱོལ་བྱེད་དགོས་པ་དང་། མཐོ་སྒང་གི་ཁྱད་ཆོས་ལྡན་པ་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་འཕེལ་རྒྱས་ལམ་དུ་སྐྱོད་དགོས། ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་དགོས་ན། རང་འགུལ་ངང་ཞབས་འདེགས་ཞུ་བ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་འདྲེས་པ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་གཅིག་བསྡུས་བྱེད་པ། འཕེལ་རྒྱས་ཀྱི་ཁྱད་སྟོབས་གསར་པ་གཏོད་པ་བཅས་བྱས་ནས་བརྗིད་ཆེའི་འཆར་འགོད་དེ་མི་དམངས་ཀྱིས་ཡིད་སྨོན་བྱེད་པའི་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བར་བྱེད་དགོས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྟེང་གཏན་འབེབས་བྱས་པའི་དམིགས་འབེན་ལས་འགན་ལ་དམིགས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་མཐོང་ཆེན་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྔར་ལས་མཐོང་ཆེན། ཞབས་ཞུ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་འདྲེས་པར་སྔར་ལས་དོ་སྣང་བྱེད་པ།  ཚན་རྩལ་གསར་སྐྲུན་གྱི་འདེགས་སྐྱོར་ལ་སྔར་ལས་མཐོང་ཆེན་བྱེད་པ། མཉམ་དུ་ཕྱུག་པོ་འགྱུར་བར་སྔར་ལས་མཐོང་ཆེན་བྱེད་པ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་འཕེལ་རྒྱས་ལ་དོ་སྣང་བཅས་བྱེད་དགོས། 《སྲིད་གཞུངབྱ་བའི་སྙན་ཞུའི》ནང་གཏན་འཁེལ་བྱས་པའི་དམིགས་འབེན་བླང་བྱ་གཞིར་བཟུང་ཏེ། དངུལ་གཏོང་རྒྱ་སྐྱེད་དང་འཛད་སྤྱོད་མཐོར་འདེགས་གཏོང་བ། དངོས་ཕུང་སྟོབས་ཆེར་གཏོང་བ་གཙོ་བོར་བཟུང་ནས་དམ་འཛིན་བྱས་ཏེ་དཔལ་འབྱོར་ཕྱོགས་ཡོངས་ནས་སླར་གསོ་དང་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བར་སྐུལ་འདེད་གཏོང་རྒྱུ་དང་། ཐོན་ལས་འབྲེལ་ཐག་དང་གསར་སྐྲུན་སྦྲེལ་ཐག་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ། ཐོན་ལས་མ་ལག་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མུ་མཐུད་དུ་བཏོད་དེ།  ནུས་ཤུགས་ཡོད་རྒུས“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས། བློ་བརྟན་འགྱུར་མེད་ངང་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་དུ་སྤེལ་ཏེ། ནང་གནས་སྒུལ་ཤུགས་སྐུལ་སློང་བྱས་ནས་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་སྐྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཕན་འབྲས་ནུས་ལྡན་ངང་མཐོར་འདེགས་གཏོང་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུར་ཤུགས་བསྣན་ནས་དམངས་ཚིས་བདེ་སྐྱིད་མུ་མཐུད་དུ་ཇེ་ཆེར་གཏོང་དགོས། སྤྱི་ཚོགས་བཅོས་སྐྱོང་གི་དེང་རབས་ཅན་འབུར་དུ་ཐོན་པར་བྱས་ནས་བདེ་འཇགས་དང་། འཆམ་མཐུན། བརྟན་འཇགས་བཅས་ཀྱི་འཕེལ་རྒྱས་ཁོར་ཡུག་སོགས་ཕྱོགས་བདུན་ཐད་ཀྱི་གཙོ་གནད་བྱ་བ་སྟོབས་ཤུགས་གཅིག་བསྡུས་ཀྱིས་བསྒྲུབ་དགོས།

སྐྱོད་ལམ་གསར་བར་ཞུགས་པ་དང་། དུས་རབས་གསར་པར་འབད་པས་སྐྱོད། མཚོ་སྔོན་གྱིས་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཕྱོགས་སུ་གོ་གནས་ཟིན་ཡོད་པ་དང་། ཁྱད་པར་དུ་སྐྱེ་ཁམས་བདེ་འཇགས་དང་། རྒྱལ་ཁབ་མངའ་ཁོངས་བདེ་འཇགས། ཐོན་ཁུངས་དང་ནུས་ཁུངས་བདེ་འཇགས་གོ་གནས་སྔར་ལས་གལ་ཆེན་དུ་མངོན་ཡོད་པ་རེད། ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ང་ཚོར་བསྩལ་བའི་མངག་བཅོལ་གལ་ཆེན་བློ་ལ་བརྟན་པོར་འཛིན་དགོས་པ་དང་། རང་འགན་འཁུར་དུ་ལེན་པ་དང་འགན་འཁྲི་ནན་མོར་སྒྲུབ་ཏེ།  མུ་མཐུད་དུ“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གནས་ཚུལ་གྱི་ངེས་གནས་དང་“སྔར་ལས་གལ་འགངས་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་ལ་གོ་བ་ལེན་པའི་ངོས་འཛིན་རྒྱུན་མི་ཆད་པར་ཇེ་ཟབ་ཏུ་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་འགན་འཁྲི་གསར་བ་འཁུར་བའི་ལས་འགན་ཨང་དང་པོར་བཞག་སྟེ། གསར་གཏོད་ཡར་བརྩོན་དང་ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པའི་འབད་འཐབ་སྙིང་སྟོབས་ཀྱིས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་འབད་བརྩོན་གྱི་རྣམ་པས་ལྕགས་ལ་འཇུས་ན་ཤུལ་ཡོད་པ་དང་། རྡོ་ཐོག་ལ་སྤོས་ན་རྐང་རྗེས་ཕབ་པའི་སྤྱོད་ཚུལ་བཟང་པོ་ལྡན་པར་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་སྟེང་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་དག་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཁྲོད་དོན་འཁྱོལ་བྱས་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཚད་ལྡན་གྱི་རྒྱུགས་ལན་གསར་བ་ཞིག་སྤྲོད་དགོས།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།