དྲི་བ་སོ་གཉིས་པ། དེང་རབས་ཀྲུང་དབྱང་དངུལ་ཁང་ལམ་ལུགས་འཛུགས་སྐྲུན་བྱེད་པར་གོ་བ་ཇི་ལྟར་ལེན་དགོས།  
2023.02.07 ཁུངས། ཏང་གི་ཚོགས་ཆེན་ཐངས་ཉི་ཤུ་བའི་སྙན་ཞུའི་སློབ་སྦྱོང་དང་དྲི་བ་བརྒྱ་རྩ། ཀློག་གྲངས། 16

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང “དེང་རབས་ཀྲུང་དབྱང་དངུལ་ཁང་ལམ་ལུགས་འཛུགས་སྐྲུན་བྱེད་དགོས”ཞེས་བསྟན་ཡོད།  འདི་ནི་དངུལ་རྩའི་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན།  དེང་རབས་ཀྲུང་དབྱང་དངུལ་ཁང་ལམ་ལུགས་ནི་ཀྲུང་དབྱང་དངུལ་ཁང་གིས་ཤོག་སྒོར་གྱི་འཛའ་ཐང་བརྟན་པོ་དང་། ལས་ཞུགས་གང་ལེགས། དངུལ་རྩ་བརྟན་པོ། རྒྱལ་སྤྱིའི་གཏོང་ཡོང་དོ་མཉམ་སོགས་ཀྱི་ལས་འགན་མངོན་འགྱུར་བྱེད་ཆེད་ཇུས་འགོད་དང་ལག་བསྟར་བྱེད་པའི་དེང་རབས་དངུལ་ལོར་སྲིད་ཇུས་ཀྱི་སྒྲོམ་གཞི་དང་། དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞབས་ཞུའི་མ་ལག མ་ལག་རང་བཞིན་གྱི་དངུལ་རྩའི་ཉམས་ཉེན་སྔོན་འགོག་ཚོད་འཛིན་མ་ལག རྒྱལ་སྤྱིའི་དངུལ་རྩ་མཐུན་སྦྱོར་མཉམ་ལས་ཀྱི་བཅོས་སྐྱོང་ལམ་སྲོལ་བཅས་ཀྱི་སྤྱི་བསྡོམས་ཡིན།  དེང་རབས་ཀྲུང་དབྱང་དངུལ་ཁང་ལམ་ལུགས་འཛུགས་སྐྲུན་བྱེད་པའི་དོན་སྙིང་དང་ནང་དོན། ལས་འགན་བཅས་ལ་གོ་བ་ཡང་དག་བླངས་ན་ལག་ལེན་གྱི་ངོས་ནས་བཅོས་སྒྱུར་གལ་ཆེན་དེར་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད།  

དང་པོ། དེང་རབས་ཀྲུང་དབྱང་དངུལ་ཁང་ལམ་ལུགས་འཛུགས་སྐྲུན་བྱ་རྒྱུ་ནི་དུས་རབས་གསར་པར་དེང་རབས་ཀྱི་དངུལ་རྩའི་མ་ལག་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན།  གཅིག་ནི་དེང་རབས་ཀྲུང་དབྱང་དངུལ་ཁང་ལམ་ལུགས་འཛུགས་སྐྲུན་བྱ་རྒྱུ་ནི་དེང་རབས་རྒྱལ་ཁབ་ཀྱིས་སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན།  དེང་རབས་ཡིད་རྟོན་དངུལ་ལོར་གྱི་མ་ལག་འོག ཀྲུང་དབྱང་དངུལ་ཁང་གིས་དངུལ་ལོར་དོ་དམ་ལེགས་པོ་བྱས་ན། དངུལ་ལོར་གྱིས་གཞི་ཁྱོན་སྔར་ལས་རྒྱ་ཆེ་ཞིང་ཚད་གཞི་སྔར་ལས་མཐོ་བའི་སྒོ་ནས་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ནུས་པ་འདོན་སྤེལ་བཟང་བོ་བྱས་ཏེ། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་ཐུབ།  དེ་ལས་ལྡོག་སྟེ། གལ་ཏེ་དོ་དམ་ལེགས་པོ་མ་བྱས་ན། དངུལ་ལོར་ཚད་བརྒལ་བཀྲམ་པའི་རྐྱེན་གྱིས་རྒྱུ་ནོར་ལྦུ་སོབ་ཏུ་གྱུར་པ་མ་ཡིན་པར། ཡིད་རྟོན་ཇེ་ཆུང་དུ་འགྲོ་བ་དང་ཐ་ན་དཔལ་འབྱོར་དང་དངུལ་རྩའི་ཉམས་ཉེན་འབྱུང་སྲིད།  གཉིས་ནས་དེང་རབས་ཀྱི་ཀྲུང་དབྱང་དངུལ་ཁང་གི་ལམ་ལུགས་བཙུགས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།  མིག་སྔར། རང་རྒྱལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་དུ་བསྐྱོད་པ་དང་།  འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བ་དང་དཔལ་འབྱོར་གྲུབ་ཚུལ་ལེགས་བསྒྱུར། འཕར་སྣོན་གྱི་སྒུལ་ཤུགས་བསྒྱུར་བ་བཅས་བྱེད་པའི་གནད་འགག་གི་དུས་སྐབས་སུ་གནས་ཡོད་པས། དེང་རབས་ཀྲུང་དབྱང་དངུལ་ཁང་ལམ་ལུགས་འདེགས་སྐྱོར་གལ་ཆེན་དུ་བྱས་ཏེ། དཔལ་འབྱོར་ཚུལ་སྒྱུར་རིམ་སྤོར་ལ་རྒྱབ་སྐྱོར་བྱ་དགོས་པ་དང་། དངུལ་ལོར་ཚད་བརྒལ་འགྲེམ་པའམ་དངུལ་ལོར་ཇེ་དམ་དུ་གཏོང་བ། དེ་མིན་མ་ལག་རང་བཞིན་གྱི་དངུལ་རྩའི་ཉམས་ཉེན་འབྱུང་བར་ཡང་སྔོན་འགོག་བྱས་ཏེ། རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་བདེ་བླག་ངང་སྐུལ་སྤེལ་བྱེད་པར་འགན་ལེན་ཏན་ཏིག་བྱ་དགོས།  གསུམ་ནི་དེང་རབས་ཀྲུང་དབྱང་དངུལ་ཁང་ལམ་ལུགས་འཛུགས་སྐྲུན་བྱ་རྒྱུ་ནི་རྒྱལ་སྤྱིའི་དངུལ་རྩའི་མ་ལག་གི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་དགོས་ངེས་ཀྱི་གདམ་ག་ཡིན།  རྒྱལ་སྤྱིའི་སྟེང་ཀྲུང་དབྱང་དངུལ་ཁང་ལམ་ལུགས་ཀྱིས་གནས་བབ་དང་ལག་ལེན་གྱི་འགྱུར་ལྡོག་ལ་གཞིགས་ནས་ནང་དོན་གསར་པ་རྒྱུན་མི་ཆད་པར་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བ་དང་། སྲིད་གཞུང་ནས་མ་དངུལ་བསྡུ་རུབ་དང་དོ་དམ་བྱེད་པ་ནས་རིམ་བཞིན་དངུལ་ལོར་དང་སྐྱེད་ཚད་སྙོམས་སྒྲིག་བྱེད་པར་བརྟེན་ནས་དངུལ་ལོར་གྱི་འཛའ་ཐང་བརྟན་པོ་ཡོང་བར་སྲུང་སྐྱོང་བྱེད་པ་དང་། ལས་ཞུགས་གང་ལེགས་བྱེད་པར་མཐོང་ཆེན་བྱེད་པ། དངུལ་རྩ་བརྟན་པོ་ཡོང་བར་དོ་སྣང་དང་རྒྱལ་སྤྱིའི་མཐུན་སྦྱོར་མཉམ་ལས་སོགས་བྱེད་པར་འཕེལ་རྒྱས་གཏོང་བཞིན་ཡོད།  འཛམ་གླིང་གི་ལོ་ངོ་བརྒྱ་ལྷག་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་འོག ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞི་ཚུགས་ནས། དེང་རབས་ཀྲུང་དབྱང་དངུལ་ཁང་ལམ་ལུགས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། རྒྱལ་སྤྱིའི་ཀྲུང་དབྱང་དངུལ་ཁང་ལམ་ལུགས་ཀྱི་རིམ་འགྱུར་དང་དཔལ་འབྱོར་དང་དངུལ་རྩའི་གནས་བབ་ཀྱི་འགྱུར་ལྡོག་ལ་རང་འགུལ་གྱིས་ཁ་གཏད་འཇལ་དགོས།

གཉིས་པ། དེང་རབས་ཀྲུང་དབྱང་དངུལ་ཁང་ལམ་ལུགས་འཛུགས་སྐྲུན་བྱ་རྒྱུ་ནི་དེང་རབས་ཀྱི་དངུལ་རྩའི་སྲིད་ཇུས་མ་ལག་གི་ཞབས་ཞུའི་ནུས་པ་མངོན་འགྱུར་བྱེད་པའི་དགོས་མཁོ་ཡིན།  གཅིག་ནས་དེང་རབས་ཀྱི་དངུལ་ལོར་སྲིད་ཇུས་ཀྱི་སྒྲོམ་གཞི་འཐུས་ཚང་དུ་གཏོང་དགོས།  དངུལ་ལོར་སྲིད་ཇུས་ནི་ཤོག་སྒོར་གྱི་འཛའ་ཐང་བརྟན་པོ་ཡོང་བ་བྱ་རྒྱུ་དམིགས་ཡུལ་གཙོ་བོར་བཟུང་ནས་ལས་ཞུགས་གང་ལེགས་བྱེད་པར་སྔར་ལས་མཐོང་ཆེན་བྱ་དགོས།  ཀྲུང་དབྱང་དངུལ་ཁང་གིས་ཤོག་སྒོར་གྱི་འཛའ་ཐང་བརྟན་པོ་ཡོང་བའི་དམིགས་འབེན་མངོན་འགྱུར་བྱ་དགོས་པ་དང་། ཁྲོམ་ར་ཅན་དུ་འགྱུར་བའི་བྱེད་སྟངས་ལ་བརྟེན་ནས་དངུལ་ཁང་མ་ལག་གི་དངུལ་ལོར་གསར་སྐྲུན་བྱེད་ཚུལ་ལ་སྙོམ་སྒྲིག་དམ་འཛིན་བྱ་དགོས་པ་དང་། མ་རྩ་གཏོང་ཡོང་མཚོན་པའི་རེའུ་མིག་སྐྱོན་བྲལ་དང་རྒྱུན་མཐུད་ཐུབ་པ་བྱ་དགོས་ན། ངེས་པར་དུ་རང་ཚུགས་ཀྱི་ཀྲུང་དབྱང་དངུལ་ཁང་གི་ནོར་དོན་སྔོན་རྩིས་དོ་དམ་ལམ་ལུགས་ལག་བསྟར་བྱས་ནས། ནོར་སྲིད་ཀྱི་ཆད་གྲངས་མཚལ་ཡིག་ཅན་དུ་མི་འགྱུར་བར་བྱེད་དགོས།  གཉིས་ནི་དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་དགོས།  དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་ནི་ཀྲུང་དབྱང་དངུལ་ཁང་གི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་པ་དང་། དངུལ་རྩའི་ལས་རིགས་ཀྱི་ཕྱོགས་བསྡུས་བསྡོམས་རྩིས་དང་། དངུལ་འཁྲུད་ལ་རྒོལ་བ་དང་དེ་མིན་དངུལ་རྩའི་ཁྲོམ་རའི་ཐོ་འགོད་ཚབ་གཉེར་དང་། བསྡོམས་རྩིས་ཞིབ་མོ་བྱེད་པ། གཏོང་སྤྲོད། ཡིད་རྟོན་བསྡུ་ལེན་སོགས་དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྤྱི་འདོམས་བྱས་ནས། རྒྱལ་ཁབ་ཕྱི་ནང་གི་དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་སྣ་ཚོགས་ཕན་ཚུན་སྦྲེལ་མཐུད་ཡོང་བར་སྐུལ་འདེད་གཏོང་དགོས།  གསུམ་ནི་མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་དགོས།  ཀྲུང་དབྱང་དངུལ་ཁང་གིས་བྱ་བ་མ་བསྒྲུབས་གོང་དང་བསྒྲུབས་རྗེས་ཀྱི་བརྒྱུད་རིམ་ཧྲིལ་པོར་རྒྱུད་ཁོངས་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འགན་འཁྲི་ངེས་པར་དུ་ཏན་ཏིག་གིས་བསྒྲུབ་དགོས།  སྤྱི་ཁོག་གི་གཟབ་ནན་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ་དང་། དངུལ་རྩར་ལྟ་སྐུལ་དོ་དམ་དང་མཐུན་སྦྱོར་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ། དངུལ་རྩའི་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱས་ནས་དངུལ་རྩའི་ཉམས་ཉེན་ཚབས་ཆེན་གྱི་འགན་འཁྲི་བདའ་འདེད་དང་ཆད་གཅོད་ནན་མོ་བྱ་དགོས།  བཞི་ནས་རྒྱལ་སྤྱིའི་དངུལ་རྩའི་མཐུན་སྦྱོར་མཉམ་ལས་བཅོས་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།  རྒྱལ་སྤྱིའི་དངུལ་ལོར་མ་ལག་དང་དངུལ་རྩའི་ལྟ་སྐུལ་དོ་དམ་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། དངུལ་རྩ་ཕྱོགས་གཉིས་སུ་སྒོ་འབྱེད་པར་སྐུལ་འདེད་གཏོང་དགོས།

གསུམ་པ། དེང་རབས་ཀྲུང་དབྱང་དངུལ་ཁང་འཛུགས་སྐྲུན་བྱེད་པའི་ལམ་ལུགས་ཀྱི་ལས་འགན་གལ་ཆེན།  གཅིག་ནས་དངུལ་ལོར་མཁོ་སྤྲོད་སྙོམ་སྒྲིག་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།  ཀྲུང་དབྱང་དངུལ་ཁང་གིས་དངུལ་ཁང་གི་དངུལ་ལོར་གསར་བཟོ་སྙོམ་སྒྲིག་བྱེད་པའི་འཁོར་རྒྱུག་རང་བཞིན་དང་མ་རྩ། སྐྱེད་ཀའི་ཚོད་འཛིན་བཅས་ཀྱི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། དངུལ་ལོར་མཁོ་འདོན་བྱེད་ཚད་དང་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་རུབ་གཞི་ཁྱོན་གྱི་འཕར་ཚད་དེ་མངོན་མེད་ཀྱི་མིང་ཐོག་ནས་ཐོན་པའི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རིན་འཕར་ཚད་གཞི་རྩའི་ཆ་ནས་དོ་མཉམ་ཡོང་བ་རྒྱུན་འཁྱོངས་བྱ་དགོས།  དངུལ་ལོར་སྲིད་ཇུས་ལག་བསྟར་གྱི་སྒྲིག་སྲོལ་རང་བཞིན་དང་གསལ་ཚད་ཤུགས་ཆེར་གཏོང་བ་དང་། ལམ་ལུགས་ཅན་གྱི་དངུལ་ལོར་སྲིད་ཇུས་ཀྱི་འབྲེལ་མཐུད་ལམ་སྲོལ་འཛུགས་པ། སྔོན་དཔག་ལ་དོ་དམ་དང་ཁྲིད་སྟོན་ནུས་ལྡན་བཅས་བྱེད་དགོས།  གཉིས་ནི་དངུལ་རྩས་དངོས་ཕུང་དཔལ་འབྱོར་ལ་རྒྱབ་སྐྱོར་ནུས་ལྡན་བྱེད་པའི་སྒྲིག་སྲོལ་དང་རྐྱེན་སྲོལ་འཛུགས་དགོས།  སྤྱི་ཁོག་གི་ངོས་ནས་དུས་འཁོར་ལས་བརྒལ་བའི་སྲིད་ཇུས་ཇུས་འགོད་ལེགས་པར་བྱས་ཏེ། དེང་རབས་ཅན་གྱི་དངུལ་ལོར་དོ་དམ་བྱེད་པར་བརྟེན་ནས་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།  བྱེ་བྲག་གི་ངོས་ནས་སྐུལ་གཏོང་མཐུན་ཐབས་ཀྱི་རྐྱེན་སྲོལ་ནང་འདྲེན་དང་། གྲུབ་ཚུལ་རང་བཞིན་གྱི་དངུལ་ལོར་སྲིད་ཇུས་ཀྱི་བྱེད་ཐབས་གསར་སྐྲུན་བྱེད་པ། དངུལ་རྩའི་སྒྲིག་གཞིས་ཡིད་རྟོན་དངུལ་བུན་གྱི་གྲུབ་ཚུལ་ཇེ་ལེགས་སུ་གཏོང་བར་ཁྲིད་སྟོན་བྱེད་པ། རྒྱལ་དམངས་དཔལ་འབྱོར་གྱི་གཙོ་གནད་ཁྱབ་ཁོངས་དང་ཉམས་ཞན་རིམ་པར་རྒྱབ་སྐྱོར་བྱེད་པ། དངུལ་རྩས་དངོས་ཕུང་དཔལ་འབྱོར་ལ་བརྒྱུད་སྤྲོད་ཐུབ་པ་བཅས་བྱ་དགོས།  གསུམ་ནས་དེང་རབས་ཀྱི་དངུལ་རྩའི་སྒྲིག་གཞིའི་མ་ལག་འཛུགས་དགོས།  ཚོང་ར་ཅན་དང་ཁྲིམས་ལུགས་ཅན། རྒྱལ་སྤྱི་ཅན་བཅས་སུ་འགྱུར་བའི་རྩ་དོན་ལྟར། ཚད་མཐོའི་མཐུན་པའི་རང་བཞིན་དང་འགྲན་རྩོད་ནུས་པ། ཀུན་ཕན་རང་བཞིན་བཅས་ལྡན་པའི་དེང་རབས་ཀྱི་དངུལ་རྩའི་སྒྲིག་གཞིའི་མ་ལག་འཐུས་ཚང་དུ་གཏོང་དགོས།  ཀུང་སིའི་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ལྟེ་བར་བྱས་ནས་གཞུང་ཁོངས་ཚོང་ལས་དངུལ་ཁང་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་སྟེ། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་ཞབས་འདེགས་སྔར་ལས་ལེགས་པོ་བྱེད་དགོས།  ཁེ་ལས་འབྲིང་ཆུང་གི་དངུལ་ཁང་དང་ཞིང་སྡེའི་ཡིད་རྟོན་དངུལ་ཁང་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ནས། དངུལ་ཁང་རིགས་སྣ་ཚོགས་དྲང་གཞག་ངང་འགྲན་རྩོད་བྱེད་པའི་དངུལ་ཁང་མ་ལག་གི་གྲུབ་ཚུལ་ཆགས་པར་བྱ་དགོས།  སྲིད་ཇུས་ཀྱི་རང་བཞིན་ལྡན་པའི་དངུལ་རྩ་བཅོས་སྒྱུར་དང་ལེགས་སྒྱུར་བྱ་དགོས།  བཞི་ནི་དངུལ་རྩ་ཕྱོགས་གཉིས་སུ་སྒོ་འབྱེད་པར་སྐུལ་འདེད་གཏོང་དགོས།  རྒྱལ་སྤྱིའི་དངུལ་རྩའི་བཅོས་སྐྱོང་ནུས་པའི་ཁྲོད་ཟབ་ཞུགས་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང་། རྒྱལ་སྤྱིའི་དངུལ་རྩའི་སྒྲིག་སྲོལ་གཏན་འབེབས་ཁྲོད་ཧུར་ཐག་གིས་ཞུགས་པ། རྒྱལ་སྤྱིའི་རྩ་འཛུགས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། སྣ་མང་དང་བརྟན་པོ་ཡིན་པའི་རྒྱལ་སྤྱིའི་དངུལ་ལོར་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས།  ལྔ་ནི་དངུལ་རྩའི་ཉེན་ཁ་སྔོན་འགོག་དང་། ཉེན་ཟོན་སྔོན་བརྡ། ཐག་གཅོད། འགན་འཁྲི་འདྲི་རྩད་བཅས་ཀྱི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་དགོས།  དངུལ་རྩའི་བདེ་འཇགས་ལ་སྲུང་སྐྱོང་བྱས་ནས་མ་ལག་རང་བཞིན་གྱི་ཉེན་ཁའི་མཐའ་ཚད་བརྟན་སྲུང་བྱེད་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།