དྲི་བ་སོ་བཞི།   ལས་ཆོད་ཆེ་བ་དང་བདེ་བླག་གི་འཁོར་རྒྱུག་མ་ལག་འཛུགས་པར་གོ་བ་ཇི་ལྟར་ལེན་དགོས།
2023.02.08 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 26

   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“ལས་ཆོད་ཆེ་བ་དང་བདེ་བླག་གི་འཁོར་རྒྱུག་མ་ལག་འཛུགས་སྐྲུན་བྱེད་དགོས”ཞེས་བསྟན་ཡོད། འཁོར་རྒྱུག་མ་ལག་ནི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ལས་ཆོད་ཆེ་བ་དང་བདེ་བླག་གི་འཁོར་རྒྱུག་མ་ལག་འཛུགས་རྒྱུ་ནི་འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་འཛུགས་པའི་དགོས་ངེས་ཀྱི་བླང་བྱ་ཡིན་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པའི་བརྗོད་གཞིའི་ཁྲོད་ཀྱི་དགོས་ངེས་ཀྱི་དོན་སྙིང་ཡང་ཡིན།

དེང་རབས་ཀྱི་ཁྲོམ་རའི་དཔལ་འབྱོར་ནི་འགུལ་རྣམ་དང་ནང་གནས་ཀྱི་ཆོས་ཉིད་ལྡན་པའི་སྤྱི་ཚོགས་ཀྱི་སླར་སྐྱེས་ཐོན་སྐྱེད་འཁོར་སྐྱོད་ཀྱི་བརྒྱུད་རིམ་ཞིག་ཡིན་ཞིང་། ཐོན་སྐྱེད་དང་བགོ་བཤའ། འཁོར་རྒྱུག འཛད་སྤྱོད་བཅས་ནི་བརྒྱུད་རིམ་འདིའི་ཁྲོད་ཀྱི་རིམ་པ་མི་འདྲ་བ་ཞིག་ཡིན། འཁོར་རྒྱུག་གི་ཕྱོགས་གཅིག་ཐོན་སྐྱེད་དང་འབྲེལ་ཡོད་པ་དང་། ཕྱོགས་གཅིག་འཛད་སྤྱོད་དང་འབྲེལ་ཡོད་པས། རྒྱལ་དམངས་དཔལ་འབྱོར་ཁྲོད་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་བཞིན་ཡོད། ལས་ཆོད་ཆེ་བ་དང་བདེ་བླག་གི་འཁོར་རྒྱུག་མ་ལག་གིས་ཁྱབ་ཁོངས་སྔར་ལས་ཆེ་བའི་ནང་ཐོན་སྐྱེད་དང་འཛད་སྤྱོད་ཟུང་འབྲེལ་བྱས་ནས་ཉོ་ཚོང་གི་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། ལས་བགོས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་བ། ཐོན་སྐྱེད་ཀྱི་ལས་ཆོད་ཆེ་རུ་གཏོང་བ། རྒྱུ་ནོར་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་ཀྱིན་ཡོད།

མིག་སྔར། རང་རྒྱལ་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་ཁོར་ཡུག་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བར་དམིགས་ནས། ཏང་ཀྲུང་དབྱང་གིས་རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་གཙོ་བོ་ཡིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་དགོས་ཞེས་བཏོན་ཡོད། རྒྱལ་ནང་གི་འཁོར་སྐྱོད་ཡིན་ནའང་འདྲ། རྒྱལ་སྤྱིའི་འཁོར་སྐྱོད་གང་ཡིན་རུང་།  ཚང་མ་ལས་ཆོད་ཆེ་བ་དང་བདེ་བླག་གི་དེང་རབས་ཀྱི་འཁོར་རྒྱུག་མ་ལག་དང་ཁ་བྲལ་ཐབས་མེད། དེང་རབས་ཀྱི་འཁོར་རྒྱུག་མ་ལག་ལ་ཚོང་དོན་དང་འགྲིམ་འགྲུལ། ཟོག་འགྲེམས་མ་ལག་སོགས་སྲོལ་རྒྱུན་གྱི་དོན་སྙིང་ཐོག་གི་འཁོར་རྒྱུག་ཆུང་གྲས་ཚུད་ཡོད་ལ། དངུལ་རྩ་དང་ཡིད་རྟོན་བློ་བསྡུ། འཕྲིན་གཏོང་སོགས་འདེགས་སྐྱོར་མ་དངུལ་དང་། ཆ་འཕྲིན་འཁོར་སྐྱོད་མ་ལག་གི་དེང་རབས་དོན་སྙིང་ཐོག་གི་འཁོར་རྒྱུག་ཆེན་པོའང་ཚུད་ཡོད། སྤྱི་ཚོགས་ཀྱི་སླར་སྐྱེས་ཐོན་སྐྱེད་གོ་རིམ་ཁྲོད། འཁོར་རྒྱུག་གི་ལས་ཆོད་དང་ཐོན་སྐྱེད་ཀྱི་ལས་ཆོད་གཉིས་ཀ་གལ་ཆེན་ཡིན་པ་དེ་ནི། རྒྱལ་དམངས་དཔལ་འབྱོར་སྤྱི་ཡོངས་ནས་འཁོར་སྐྱོད་བྱེད་པའི་ལས་ཆོད་ཆེ་རུ་གཏོང་བའི་ཕྱོགས་གལ་ཆེན་ཞིག་ཡིན། སྒོ་འབྱེད་དཔལ་འབྱོར་གྱི་ཆ་རྐྱེན་འོག རྒྱལ་ནང་གི་དཔལ་འབྱོར་འཁོར་སྐྱོད་དང་རྒྱལ་སྤྱིའི་དཔལ་འབྱོར་འཁོར་སྐྱོད་དེ་དེང་རབས་ཀྱི་འཁོར་རྒྱུག་མ་ལག་ལ་བརྟེན་ནས་འབྲེལ་འདྲིས་དམ་ཟབ་བྱེད་པ་དང་། འཁོར་སྐྱོད་གཉིས་ཀ་བདེ་བླག་ཡིན་ཞིང་ཕན་ནུས་ལྡན་པའི་སྒོ་ནས་འབྲེལ་མཐུད་བྱེད་ན།  རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་དང་ཐོན་ཁུངས་གཉིས་ཀྱི་རིམ་བརྩེགས་ཀྱི་དགེ་མཚན་འདོན་སྤེལ་བྱེད་ཐུབ་པ་དང་། ཐོན་ཁུངས་བེད་སྤྱོད་ཀྱི་ལས་ཆོད་ཆེ་རུ་བཏང་ནས་རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ཀྱི་དགེ་མཚན་གསར་པ་ཆགས་པར་བྱེད་ཐུབ།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། རང་རྒྱལ་གྱི་འཁོར་རྒྱུག་མ་ལག་འཛུགས་སྐྲུན་ལ་འཕེལ་རྒྱས་མངོན་གསལ་བྱུང་བ་དང་། རྒྱལ་ཁབ་ཀྱི་རྐང་འཛིན་འཁོར་རྒྱུག་དྲ་བ་རིམ་བཞིན་འཐུས་ཚང་དུ་གྱུར་བ། འཁོར་རྒྱུག་ཁྱབ་ཁོངས་ཀྱི་ལས་རྣམ་གསར་པ་དང་དཔེ་དབྱིབས་གསར་པ་རྒྱུན་ཆད་མེད་པར་ཐོན་པ། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་སོང་བ། ཚོང་ཟོག་དང་རྒྱུ་རྐྱེན་གཙོ་བོའི་འཁོར་རྒྱུག་ལམ་ལུགས་ཀྱི་ཁོར་ཡུག་མངོན་གསལ་སྒོས་ཇེ་ལེགས་སུ་སོང་ཡོད། ཉེ་བའི་ལོ་འགར།  པྲོག་གསར་རིམས་ནད་ལ་འགོག་རྒོལ་བྱེད་པའི་བརྒྱུད་རིམ་ཁྲོད། འཁོར་རྒྱུག་ལས་རིགས་ཀྱིས་དཔལ་འབྱོར་འཁོར་སྐྱོད་སྲུང་འཛིན་དང་། སྨན་བཅོས་དངོས་ཟོག་སྡེབ་སྐྱེལ་འགན་སྲུང་། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་། ཡང་བསྐྱར་ལས་འགོ་ཚུགས་པར་སྐུལ་འདེད་བཅས་ཀྱི་ཐད་ལ་ནུས་པ་གལ་ཆེན་བཏོན་པས། སྤྱི་ཚོགས་ཡོངས་ཀྱིས་ལས་ཆོད་ཆེ་བ་དང་བདེ་བླག་གི་འཁོར་རྒྱུག་མ་ལག་གིས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་པར་ཐོན་པའི་འགག་རྩའི་ནུས་པར་ངོས་འཛིན་སྔར་ལས་ཟབ་མོ་ཐུབ་པ་བྱུང་ཡོད།

དུས་མཚུངས་སུ། རང་རྒྱལ་གྱི་འཁོར་རྒྱུག་མ་ལག་དེང་རབས་ཅན་དུ་འགྱུར་ཚད་སྔར་བཞིན་མི་མཐོ་བ་མ་ཟད། ད་དུང་གནད་འགག་གི་གནད་དོན་མི་ཉུང་བ་ཞིག་དུས་ཐོག་ཏུ་སེལ་དགོས། ཁྲོམ་རའི་ཁོར་ཡུག་ཐད་ནས་བལྟས་ན། ཚོང་ཟོག་དང་ཞབས་ཞུ་ས་ཁོངས་ལས་བརྒལ་བའི་འཁོར་རྒྱུག་སྔར་བཞིན་མི་ལེགས་པ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་ད་དུང་འཐུས་ཚང་མིན་པ།  རྒྱུ་རྐྱེན་གཙོ་བོ་རང་མོས་ངང་འཁོར་སྐྱོད་བྱེད་པར་མངོན་མེད་ཀྱི་བཀག་རྒྱ་ཡོད་པ་རེད། ཟོག་འགྲེམས་མ་ལག་ཐད་ནས་བལྟས་ན། ལས་ཆོད་དམའ་བ་དང་མ་རྩ་མཐོ་བའི་འགལ་བ་ཅུང་མངོན་གསལ་ཡིན་པ་དང་། སྐྱེལ་འདྲེན་བྱེད་སྟངས་སྣ་ཚོགས་མཉམ་འདྲེས་དང་སྦྲེལ་མཐུད་བྱེད་ཚད་དེ་འདྲ་མི་ལེགས་པ།  སྣ་མང་སྦྲེལ་མཐུད་སྐྱེལ་འདྲེན་ད་དུང་དར་རྒྱས་མིན་པ།  ཟོག་འགྲེམས་མ་ལག་ཚད་གཞི་ཅན་དུ་འགྱུར་ཚད་མི་མཐོ་བ་དང་། ཟོག་འགྲེམས་དྲ་རྒྱའི་ཁྱབ་སྟངས་དོ་སྙོམས་མིན་པ། ཞིང་སྡེ་ས་ཁུལ་གྱི་ཟོག་འགྲེམས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྗེས་ལུས་ཡིན་པ་བཅས་རེད། ཚོང་དོན་མ་ལག་ཐད་ནས་བལྟས་ན། སྒུལ་ནུས་གསར་རྙིང་བརྗེ་སྒྱུར་བྱེད་པའི་ལས་འགན་ལྕི་ལ་ལམ་ཐག་རིང་བ་དང་། རྒྱལ་སྤྱིའི་ཆུ་ཚད་ཞན་པའི་འཁོར་རྒྱུག་ཁེ་ལས་ཆེ་གྲས་དང་དངོས་ཚན་ཚོང་ཁང་སོགས་སྲོལ་རྒྱུན་ཚོང་དོན་ལ་གཞན་སྒྱུར་གྱི་གནོན་ཤུགས་ཧ་ཅང་ཆེན་པོ་འཕྲད་ཡོད།  སྤྱི་ཚོགས་ཀྱི་འདེགས་སྐྱོར་མ་ལག་ཐད་ནས་བལྟས་ན། ཡིད་རྟོན་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཁྲོམ་རའི་ཡིད་རྟོན་མི་འདང་བ་དེས་ཉོ་ཚོང་གི་མ་རྩ་ཇེ་མང་དུ་བཏང་བ་དང་།  འཁོར་རྒྱུག་གི་ལས་ཆོད་ལ་ཚོད་འཛིན་བྱས་པ་རེད། དངུལ་རྩའི་ཞབས་ཞུའི་མ་ལག་ཐད་ནས་བལྟས་ན།  ཚོང་ཟོག་དང་ཞབས་ཞུ་བདེ་བླག་ངང་འཁོར་རྒྱུག་བྱེད་པའི་དགོས་མཁོ་ད་དུང་སྐོང་ཐུབ་ཀྱིན་མེད།

ལས་ཆོད་ཆེ་བ་དང་བདེ་བླག་གི་འཁོར་རྒྱུག་མ་ལག་འཛུགས་དགོས་ན། ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་དང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱེད་དགོས།  ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྲིད་གཞུང་གི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པོ་བྱེད་པ་དང་། དེང་རབས་འཁོར་རྒྱུག་མ་ལག་གི་སྲ་ཆས་དང་མཉེན་ཆས་འཛུགས་སྐྲུན་བྱེད་པར་སྤྱི་འདོམས་སྐུལ་འདེད་གཏོང་བ། འཁོར་རྒྱུག་ལག་རྩལ་གསར་པ་དང་ལས་རྣམ་གསར་པ། དཔེ་དབྱིབས་གསར་པ་བཅས་འཕེལ་རྒྱས་གཏོང་བ། འཁོར་རྒྱུག་ཁྱབ་ཁོངས་ཀྱི་ལམ་ལུགས་ཚད་ལྡན་དང་ཚད་གཞི་འཐུས་ཚང་དུ་གཏོང་བ། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་དེང་རབས་ཀྱི་ཟོག་འགྲེམས་ཁེ་ལས་གསོ་སྐྱོང་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་འཛུགས་པར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་པ་དང་། ཐོན་སྐྱེད་དང་བགོ་བཤའ། འཁོར་རྒྱུག  འཛད་སྤྱོད་བཅས་ཀྱི་བརྒྱུད་རིམ་སོ་སོར་སྤྱི་འདོམས་བྱས་ཏེ། མཁོ་སྤྲོད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བར་བརྟེན་ནས་ཁྲོམ་རའི་དགོས་མཁོ་སྔར་ལས་མང་བ་བསྐྲུན་དགོས་པ་དང་། བགོ་བཤའ་ལེགས་སྒྱུར་བྱེད་པར་བརྟེན་ནས་སྔར་ལས་ཆེ་བའི་འཛད་སྤྱོད་ཀྱི་གཏིང་ཤུགས་འདོན་དགོས་ལ། གནད་འགག་གཙོ་བོ་ཐག་གཅོད་བྱེད་པར་བརྟེན་ནས་སྔར་ལས་རྒྱ་ཆེ་བའི་འཁོར་རྒྱུག་གི་བར་སྟོང་རྒྱ་སྐྱེད་གཏོང་དགོས་པ་དང་། མཁོ་སྤྲོད་ཕན་ཚུན་སྐུལ་འདེད་དང་། ཐོན་འཚོང་མཉམ་སྐྱོད་ཀྱི་འཁོར་རྒྱུག་བཟང་པོ་ཆགས་པར་བྱེད་དགོས། དེང་རབས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་དང་། སྣ་མང་སྦྲེལ་མཐུད་སྐྱེལ་འདྲེན་ཤུགས་ཆེན་པོས་འཕེལ་རྒྱས་གཏོང་བ། གཅིག་གྱུར་སྒོ་འབྱེད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཁྲོམ་ར་ཆགས་པར་བྱེད་པ།  ཚན་རིག་དང་མཐུན་པར་ཕྱོགས་བསྡུས་སྐྱེལ་འདྲེན་བགྲོད་ལམ་དང་ལྟེ་བའི་བཀོད་པ་ཇེ་ལེགས་སུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱི་རྨང་གཞིའི་འགྲིམ་འགྲུལ་དྲ་བ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། དེང་རབས་ཀྱི་ཚོང་དོན་འཁོར་རྒྱུག་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཐོན་ལས་གཅིག་སྡུད་བྱེད་ཚད་ཇེ་མཐོར་གཏོང་བ། གོ་ལ་ཧྲིལ་པོའི་འགྲན་རྩོད་ནུས་པ་ལྡན་པའི་དེང་རབས་ཀྱི་འཁོར་རྒྱུག་ཁེ་ལས་ཁག་གཅིག་སྐྱེད་སྲིང་བྱེད་པ། ཟོག་འབྲེལ་དྲ་བ་འཕེལ་རྒྱས་མགྱོགས་པོ་གཏོང་བ། གཞི་གྲངས་ཅན་དང་རིག་ནུས་ཅན་གྱི་སྒྱུར་བཀོད་དང་ས་མཚམས་བརྒལ་ནས་མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་སྟེ། དྲ་ཐོག་དང་དྲ་ཕྱི་མཉམ་འགུལ་བཟང་པོ་དང་མཉམ་རྒྱལ་འཕེལ་རྒྱས་མངོན་འགྱུར་བྱེད་དགོས།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།