ཉེ་ལམ་འཚོགས་པའི་ཞིང་ཆེན་ཏང་ཨུའི་རོང་འབྲོག་ཁུལ་བྱ་བའི་ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན། མཚོ་སྔོན་གྱི་ལས་དོན་ཐད་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བཅས་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུ་དང་ཀྲུང་དབྱང་གི་ཞིང་སྡེ་བྱ་བའི་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་སྐུལ་མ་གཏོང་བ། ན་ནིང་གི“ཞིང་གསུམ”བྱ་བར་ཕྱོགས་སྡོམ་དང་ད་ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བཅས་བྱས་པ་རེད།
ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་ཕྱོགས་ཡོངས་ནས་བལྟས་ན། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་ཞིག་མེད་ན་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཡོད་མི་སྲིད་ལ། ཞིང་ལས་དང་ཞིང་སྡེའི་དེང་རབས་ཅན་མེད་ན། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཆ་ཚང་ཞིག་ཡོད་མི་སྲིད། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་རྩོམ་པའི་ལོ་ཡིན་པས། “ཞིང་གསུམ”བྱ་བ་བཟང་བོར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཁག་གིས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ཞིང་ལས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་མཚོ་སྔོན་གྱི་ལེའུ་ཡག་པོ་ཞིག་བརྩམས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་གོམ་སྟབས་ཡག་པོ་སྤོ་བར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས།
ཞིང་ལས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་མཚོ་སྔོན་གྱི་ལེའུ་ཡག་པོ་ཞིག་རྩོམ་པར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཞིང་སྡེ་བྱ་བའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་གོ་བ་ལེན་དགོས་པ་དང་། ཁྱོན་ཡོངས་གཉིས་དང་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ནས། “རྒྱལ་ཁབ་སྟོབས་ལྡན”དང“ཞིང་ལས་སྟོབས་ལྡན”བར་གྱི་རྩོད་སྒྲུབ་འབྲེལ་བར་སྟངས་འཛིན་ཡག་པོ་བྱས་ཏེ། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་བརྟན་བརླིང་དང་བདེ་འཇགས་ངང་མཁོ་སྤྲོད་བྱེད་པར་འགན་སྲུང་བྱ་རྒྱུའི་བླང་བྱ་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ། གྲོང་གསེབ་དར་སྤེལ་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བཀོད་སྒྲིག་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ། ཚན་རྩལ་དང་བཅོས་སྒྱུར་གཉིས་ཀྱི་སྐུལ་འདེད་ལ་བརྟེན་ནས་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་ཆོད་གཏམ་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ། ཞིང་སྡེའི་དེང་རབས་ཅན་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བའི་ནང་གནས་བླང་བྱར་གོ་བ་ཟབ་མོ་ལེན་པ། ཏང་གིས“ཞིང་གསུམ”བྱ་བར་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བའི་རྣམ་བཤད་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་བྱེད་པ། ཞིང་ལས་ལ་མཐོང་ཆེན་དང་ཞིང་ལས་ལ་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། འབྲུ་རིགས་ཀྱི་རྨང་གཞི་སྔར་ལས་བརྟན་པོ་དང་། འཕེལ་རྒྱས་ཀྱི་རྨང་གཞི་སྔར་ལས་བརྟན་པོ། སྤྱི་ཚོགས་ཀྱི་རྨང་གཞི་སྔར་ལས་བརྟན་པོ་བཅས་ཡོང་བ་བྱེད་དགོས།
ང་ཚོས་ནུས་ཤུགས་གཅིག་སྒྲིལ་གྱིས་ལྷད་མེད་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་བསྐྲུན་དགོས། ཕྱིར་གཏོང་བྱེད་ས་བསྐྲུན་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི“ཞིང་གསུམ”བྱ་བར་དམིགས་ནས་བཟོས་པའི་འཕེལ་རྒྱས་ཀྱི་ཐབས་ལམ་ཞིག་ཡིན་ཞིང་། ཞིང་ཆེན་ཡོངས་ཀྱི་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན་པས། ཞིང་ཕྱུགས་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གྲོང་གསེབ་དར་སྤེལ་གཏོང་བར་སྐུལ་འདེད་བྱེད་པ་བཅས་ཀྱི་ཐད་ལ་འཐབ་ཇུས་ཀྱི་དོན་སྙིང་ལྡན་ཡོད། ཕྱིར་གཏོང་བྱེད་ས་བསྐྲུན་པ་དེ་སྔ་རྗེས་རྒྱུན་མཐུད་དང་། སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་གི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས། ང་ཚོས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ནས། “སྤུས་ཚད་མཐོར་གཏོང་དང་། ཚད་གཞི་བརྟན་གཏོང་། སྦྲེལ་ཐག་ཁ་གསབ། ཕྱིར་གཏོང་རྒྱ་སྐྱེད་པ”བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་སྟེ། ཕྱིར་གཏོང་བྱེད་ས་བསྐྲུན་པ་དེ་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་ཏན་ཏིག་གཏོང་དགོས།
ང་ཚོས་སྟོབས་ཤུགས་གང་ཡོད་བཏོན་ནས་གྲོང་གསེབ་དར་སྤེལ་གཏོང་བའི་རྣམ་པ་གསར་པ་བསྐྲུན་དགོས། མཚོ་སྔོན་ཞིང་ཆེན་གྱི“ཞིང་གསུམ”བྱ་བའི་ཐད་གནས་པའི་ཞན་ཆར་དམིགས་ནས། “གྲོང་གསེབ་གསུམ”ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། གྲོང་གསེབ་འཕེལ་རྒྱས་དང་། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་བཅས་གོ་གནས་གལ་ཆེན་དུ་བཞག་སྟེ། མཛེས་ཤིང་ལྟ་ན་སྡུག་པ་དང་། ལས་རིགས་དར་ཞིང་མི་སེམས་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་དགོས། ནུས་ཤུགས་འདོན་ས་གསུམ་ལ་དམིགས་ཏེ། བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི“དངོས་ཡོད་སྟོབས་ཤུགས་ཆེ་རུ་གཏོང་བ”དང་། སློབ་གསོའི“སྒུལ་ཤུགས་གསོག་འཇོག་བྱེད་ཤུགས”ཆེ་རུ་གཏོང་བ། ལེགས་བཅོས་སྤྱི་འདོམས་བྱེད་པའི“གསོན་ཤུགས་འདོན་པ”བཅས་ཀྱི་ཐོག་ནས། གྲོང་གསེབ་དར་སྤེལ་གཏོང་བའི་གོམ་སྟབས་མྱུར་ཞིང་བརྟན་བརླིང་ཡོང་བར་སྐུལ་འདེད་གཏོང་དགོས། “མཐའ་ཚད་གཉིས”བརྟན་པོར་བསྲུངས་ནས། འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་དང་གཞི་ཁྱོན་རང་བཞིན་གྱི་ཡང་བསྐྱར་དབུལ་པོར་མི་འགྱུར་བའི་མཐའ་ཚད་བརྟན་སྲུང་བྱས་ཏེ། གྲོང་གསེབ་དར་སྤེལ་གྱི་གཞི་རྩའི་ཇུས་གཞི་སྲ་བརྟན་དུ་བཏང་སྟེ་གྲོང་གསེབ་དར་སྤེལ་ལ་འཕེལ་རྒྱས་གསར་པ་འབྱུང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས།
ང་ཚོས་ཏང་གིས་རོང་འབྲོག་ཁུལ་གྱི་བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུར་མུ་མཐུད་དུ་ཤུགས་སྣོན་བྱས་ཏེ། རིམ་ལྔའི་ཧྲུའུ་ཅི་དང་མཉམ་དུ་དམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་རྒྱུ་རྐྱེན་གཙོ་བོའི་མ་འཇོག་འགན་སྲུང་བྱེད་རྒྱུར་ཤུགས་སྣོན་བྱེད་པ་དང་། གྲོང་གསེབ་ཀྱི་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱས་ནས། རོང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་སྟོབས་ལྡན་དུ་གཏོང་དགོས། ལས་བྱེད་པ་ཁྲི་གཞི་རིམ་དུ་བསྐྱོད་ནས“ཡིག་ཆ་ཨང་དང་པོའི”དགོངས་དོན་སྒྲོག་འགྲེལ་བྱེད་པ་དང་ཟུང་དུ་འབྲེལ་བ་དང་། གོ་སྐབས་དམ་འཛིན་གྱིས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་བ་དང་ཟུང་དུ་འབྲེལ་ཏེ། ལས་འགན་ཁག་བགོས་ཞིབ་ཚགས་བྱེད་པ་དང་། འགན་འཁྲིའི་གསལ་ཐོ་ཁ་གསལ་བཟོ་བ། ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། རྩིས་ཐོ་བཟོས་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། དགོངས་དོན་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པར་བྱེད་པ་དང་། ལས་འགན་གང་སར་དོན་འཁྱོལ་ཐུབ་པར་བྱེད་དགོས།
ཞིང་ལས་ལ་མཐོང་ཆེན་དང་རྩ་བ་བརྟན་འཛུགས་བྱ་རྒྱུ་ནི་དམངས་བདེའི་རྨང་གཞི་དང་རྒྱལ་སྐྱོང་གི་འགག་རྩ་ཡིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། དམིགས་འབེན་གཏན་འཁེལ་དང་། ངར་ཤུགས་གཅིག་སྒྲིམ། འབད་འབུངས་ཡར་བརྩོན། གསར་འབྱེད་གསར་གཏོད། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་གྱི་བྱ་གཞག་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད། གྲོང་གསེབ་དར་སྤེལ་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་དགོས།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད།